ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ ༡༣ འཁོར་བའི་དུས་ཆེན་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། དེ་བཞིན་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་བཅས་དུས་ཆེན་གསུམ་འཛོམས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤི་རི་ཁེ་སི་ས་ལྷི་ཡ་ཕི་ཨསེ་ཌི་ཨཇི་ཕི་མཆོག་དང་། རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཆེན་མོས་དབུས་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་ལས་ཁང་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེུང་གིས་དབུས་གཞུང་ཞབས་ཆེ་ཕྲ་རྣམ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་གཙོས་ཕྱི་ནང་སྐུ་མགྲོན་རྣམ་པ། རྡ་ས་ས་གནས་འཐུས་མིའི་ཚོགས་འདུ་དང་། ས་གནས་འགོ་འཛིན། རྒྱ་ཆེའི་མང་ཚོགས་བཅས་པར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་ནི་གལ་ཆེའི་དུས་ཆེན་གསུམ་ལྡན་དགའ་སྐྱིད་ཀྱི་ཉིན་མོ་ཞིག་ཡིན་ཞིང་། དེ་ཡང་གཞིས་བྱེས་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་གཙུག་བཀུར་གྱིས་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༡༣ འཁོར་བའི་རླབས་ཆེན་གྱི་ཉིན་མོར་སོང་། གང་གིས་མཉེས་ཤིང་རྗེས་སུ་བཟུང་བའི་ཐོུང་མ་ཡིན་པའི་གདུལ་བྱ་རང་ཅག་བོད་འབངས་རྣམས་སྨོས་ཅི། རང་དབང་ཞི་བདེར་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དུས་དྲན་སྲུང་བརྩི་ཞུ་འོས་ཆེ་བ་དང་། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུ་རྒྱུ་ཡིན།

༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་བཟུང་རང་དབང་སྔ་སོར་ཆུད་ཐབས་སྐོར་རྒྱ་དམར་སྲིད་གཞུང་རང་ལ་མེས་འཚིགས་མེར་གཏུགས་དང་། ཐབས་མཁས་ཐུགས་རྗེས་མཐུན་ལམ་འབྲེལ་གཏུགས་གནང་ཞིང་། རྒྱ་གར་ནང་བཙན་བྱོལ་ལ་ཕེབས་རྗེས་ཀྱང་སྐྱབས་བཅོལ་སྲིད་གཞུང་སྒྲིག་འཛུགས་དང་འབྲེལ་བོད་མིའི་ཆབ་སྲིད་རང་བཞིན་རང་དབང་མང་གཙོ་ཅན་ལ་འགྱུར་ཐབས་ཐུགས་ཁུར་བསྐྱེད་བཞེས་མཛད་པ་སོགས་མདོར་ན་ད་ཕན་ལོ་ངོ་ ༥༠ ཙམ་རིང་བོད་ལྗོངས་རང་དབང་སླར་གསོའི་ལས་ཐབས་ཐོག་མཐའ་བར་གསུམ་གང་ལའང་དམ་པའི་ཆོས་ནས་ལེགས་པར་གསུངས་པའི་དགོངས་དོན་དང་། ཕྱི་རབས་སུ་བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་པ་འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ནར་གཞི་བཅོལ་གནང་བ་མ་ཟད། སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་སྤྱིར་འཛམ་གླིང་ཞི་བདེར་གནས་ཐབས་དང་། འགྲོ་བ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐབས་སོགས་ཀྱི་ཆེད་བྱམས་སྙིང་རྗེ་དང་། གཞན་ཕན་བྱང་སེམས་སོགས་ནང་ཆོས་ཀྱི་དགོངས་དོན་བསླབ་བྱའི་གནད་དོན་རྣམས་གསེད་དགྲོལ་གསུང་མོལ་མཛད་ཅིང་། ཆོས་ལུགས་མི་འདྲའི་དབུ་ཁྲིད་ཁག་མཇལ་མོལ་བཀུར་རེས་ཀྱིས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དམ་གཙང་ཡོང་ཐབས་སྐོར་སོགས་ཐུགས་ཁུར་དགོངས་བཞེས་མཛད་ཕྱོགས་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་གོང་གསལ་ནོ་སྦལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་རྟགས་མ་ཆེ་ཆུང་དུ་མ་ཞིག་རིམ་ཅན་དུ་འབུལ་བཞེས་གནང་ཡོད་པ་དང་། ༸གོང་ས་མཆོག་གི་མཚན་སྙན་མཛད་འཕྲིན་ལ་བརྟེན་ནས་བོད་དོན་བདེན་པའི་གནས་ལུགས་ཤེས་རྟོགས་གོང་མཐོར་གྱུར་ཏེ་འཛམ་གླིང་ཆབ་སྲིད་བབ་སྟེགས་སྟེང་བོད་ཀྱི་གནད་དོན་གལ་ཆེར་གྱུར་པས་སྟོབས་ཆེན་རྒྱལ་ཁབ་དབར་འབྲེལ་ལམ་སྐབས་སྣང་ཆུང་བསྐྱུར་འཇོག་བྱ་ཐབས་མེད་པ་ཆགས་ཤིང་། ད་རེས་གོ་སྐབས་འདི་དང་བསྟུན་ནས་༸གོང་ས་ཆེན་པོའི་སྐུ་དྲིན་རྗེས་དྲན་ཡང་ཞུ་དགོས་པ་ཞིག་ཡིན།

ཕྱི་ལོ་ ༡༩༤༥ ལོའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པ་ནས་ད་བར་ཤར་ཏི་མུར་ཐེ་བའི་རྒྱལ་ཁབ་བརྒྱ་ཕྲག་བརྒལ་བར་རང་དབང་རང་བཙན་གྱི་ཐོབ་ཐང་ལོངས་སུ་སྤྱོད་མུས་ཀྱང་། བོད་དོན་སྐོར་དེ་སྔ་ཕྱི་ལོ་ ༡༩༥༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐོག་མར་གླེང་སློང་བྱུང་བ་ནས་བཟུང་གྲོས་ཆོད་སྔ་རྗེས་གསུམ་ཙམ་སྣོལ་འཇོག་ཐུབ་པ་ཙམ་ལས། བོད་དོན་སྐོར་འཁྲུན་ཐག་ཆོད་རྒྱུ་ལྟ་ཞོག བོད་ནང་རྒྱ་དམར་གྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཅི་ཆེས་བོད་མིར་བདེ་སྐྱིད་ཀྱི་་གོ་སྐབས་གཏན་ནས་མེད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་དམར་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་སྐོར་དོན་ཕན་ལྡན་པའི་བསྐུལ་ཁྱབ་གནད་བསྣུན་གནང་མི་ཐུབ་པའི་གནས་སྟངས་ནི་བློ་ཕམ་གྱི་རང་བཞིན་ཡིན།

བོད་ནི་ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་དམར་གྱི་དྲག་པོའི་བཙན་འོག་ཏུ་གནས་མུས་ཁར། ཉེ་ལམ་ནས་རྒྱ་དམར་གྱི་ནུབ་བརྒྱུད་གསར་སྤེལ་ཆེན་མོ་ཟེར་བའི་ལས་གཞི་ཁག་གི་མིང་ཐོག་ནས་རྒྱ་དམར་གྱི་ཞི་དྲག་ལས་མི་ཁྱོན་ཆེ་བོད་ཀྱི་ས་ཁུལ་ཁག་ནང་གཏན་གཞིས་སྤོ་ཤུགས་ཀྱིས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར་ཅིང་། བོད་མིའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ཉམས་བརླག་ཏུ་འགྲོ་གཞི་ཉེན་འགན་ཅི་ཆེ་ཆགས་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་དག་ལས་ཉེན་སྐྱོབ་ཀྱི་འགན་བཞེས་གང་ཡང་གནང་གི་མེད་པ་ནི་བོད་མི་སྨོས་ཅི། འཛམ་གླིང་ནང་ཉམ་ཆུང་མི་རིགས་གཞན་རྣམས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཡིད་ཆེས་བློ་གཏད་མེད་པ་ཆགས་གཞི་མ་ཟད། འབུ་ཆེས་ཆུང་བཟོས་དཀའ་ངལ་གནས་སྟངས་ལ་རྒྱལ་ཚོགས་ཀྱིས་ཉེན་སྲུང་རོགས་སྐྱོར་གང་ཡང་མ་ཐུབ་ཚེ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཡོད་པའི་དགོས་པ་དམིགས་ཡུལ་གང་ཡང་མ་མཐོང་ཞིང་། དེར་བརྟེན་བོད་རྒྱའི་དཀའ་རྙོག་གང་མྱུར་སེལ་ཐབས་སུ་༸གོང་ས་མཆོག་དང་། རྒྱ་དམར་གྱི་འགོ་ཁྲིད་དབར་ཞི་བའི་གྲོས་མོལ་འགོ་འཛུགས་ཐུབ་ཐབས་སུ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་ཕྱག་བསྟར་ངེས་པར་གནང་དགོས་ཞེས་ད་རེས་གོ་སྐབས་འདི་བརྒྱུད་ནས་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། བོད་རྒྱའི་འབྲེལ་ལམ་སྐོར་དུས་ཡུན་རིང་པོའི་རྗེས་ད་ལམ་བསྐྱར་གསོ་འབྲེལ་མཐུད་ཐུབ་པ་ནི་དགའ་བསུའི་རང་བཞིན་ཡང་། འདི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གུ་ཡངས་དཀྱེལ་ཆེའི་ཐོག་ཞི་བའི་གྲོས་འཆར་བཏོན་གནང་མཛད་པ་བཞིན་རྒྱ་ཕྱོགས་ནས་ཀྱང་ཁ་ཞེ་གཉིས་མེད་ལྷག་བསམ་རྣམ་དག་གི་སྒོ་ནས་དཀའ་ངལ་སེལ་ཕྱོགས་འཁུར་འགན་ཆེ་ཙམ་བླངས་ཚེ་བོད་རྒྱ་གཉིས་སྨན་དང་། རྒྱ་ནག་གི་ཆེ་མཐོང་། ཡུལ་གྱི་ལྷིང་འཇགས་སོགས་ལ་ཕན་ཐོགས་ཡོང་རྒྱུ་ལས། འདི་སྐོར་ཕྱིར་རྣམ་འགྱུར་སྟོན་ཕྱོགས་དང་།༸གོང་ས་མཆོག་གི་སྐུ་ཚེར་ཚད་བཀག་ངན་སྒུུག་ད་མུས་བཞིན་བྱེད་རྐྱང་བྱས་ཚེ་མཐའ་འཁྱོངས་ཡོང་རེ་གང་ཡང་མེད། ང་ཚོས་འབྲེལ་ལམ་དེ་བཞིན་ཁོར་ཡུག་བཟང་ཕྱོགས་སུ་བསྐྲུན་ཐབས་ཆེད་འབད་བརྩོན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་རུང་། རྒྱ་ནག་ཕྱོགས་ནས་དེ་ལས་ལྡོག་སྟེ་ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱ་དམར་གཞུང་གིས། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་། བློ་བཟང་དོན་གྲུབ་གཉིས་ལ་འབར་གས་དང་། མེས་རྒྱལ་ཁ་བྲལ་ངན་སྐུལ། ཁྲིམས་འགལ་གྱིས་མེ་མདའ་དང་མདེའུ་ཉར་བ་བཅས་ཀྱི་ཉེས་མིང་བཀལ་སྟེ་སྲོག་ཁྲིམས་བཅད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན། བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་བློ་བཟང་དར་རྒྱས་རྒྱ་དམར་གྱི་བཙོན་ཁང་ནང་འདས་གྲོངས་སོང་བ། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་སློབ་ཕྲུག་རྣམས་ཀྱིས་སྲུང་མདུད་འདོགས་མི་ཆོག་པའི་དམ་དྲག་བྱེད་བཞིན་པའི་བྱུང་བ་འདི་དག་གི་ཐོག་ནས། རྒྱ་དམར་གཞུང་གིས་ད་བར་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱེད་པའི་ངན་གོམས་གཤིས་ལུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པ་དངོས་ར་གསལ་འཕྲོད་བྱུང་བར། ང་ཚོས་ཁོ་བ་ཚོའི་བྱེད་བབ་འདི་རིགས་ལ་སྐྱོན་རྗོད་རྒོལ་གཏམ་མི་གཏོང་ཀ་མེད་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་བཟང་དོན་གྲུབ་གཉིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་དགྲོལ་དགོས་པ་དང་། བོད་གཞིས་ལུས་མི་མང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ལྷག་དོན་དུ་བོད་མི་སློབ་ཕྲུག་རྣམས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ཚོགས་སྒེར་ཡོངས་དང་། ཨ་རི་དང་ཡོ་རོབ་གྲོས་ཚོགས་འཐུས་མི་ཡོངས་ནས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་གཞིར་བཟུང་། རྒྱ་དམར་གཞུང་ལ་གནོན་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སྐོར་༸གོང་ས་ཆེན་པོའི་ལམ་དབུ་མའི་དགོངས་བཞེས་དང་། འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་འཁུར་བཞེས་གནང་མུས་ཀྱང་། རྒྱ་ཕྱོགས་ནས་ཡ་ལན་བདག་སྤྲོད་ཚུལ་མཐུན་མ་ཞུས་པར་ཡ་ཡོལ་དུས་འགྱངས་འདི་མུར་མུ་མཐུད་གནས་ཚེ། བོད་མི་གཞོན་སྐྱེས་ཚོས་གཙོས་བོད་མི་མི་ཉུང་བ་ཞིག་གིས་ཡུན་སྒུུག་བཟོད་བསྲན་མ་ཐུབ་པར་ཐབས་ལམ་གཞན་མ་བསྟེན་མཐེུད་མ་ཆགས་པའི་ངེས་པ་མེད་ཅིང་། གལ་ཏེ་དྲག་སྤྱོད་བསྟེན་ཏེ་གྱེན་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་འགོ་ཚུགས་ཚེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁུར་ཇི་བཞིན་མ་གནང་བའི་འཐུས་ཤོར་གྱི་ཉེར་ལེན་དང་། དེ་བཞིན་་རྒྱ་ནག་་གཞུང་གི་མཚན་མཐོང་དང་། ཡུལ་གྱི་ལྷིང་འཇགས་གང་ཅིར་གནོད་གཞི་དང་། ད་ལྟའི་ཆར་འཛམ་གླིང་ནང་འཇིགས་བསྐུལ་རིང་ལུགས་པས་དྲག་ཐབས་་བསྟེན་ཏེ་དཀའ་རྙོག་མང་དག་ཅིག་རྒྱུན་ཆད་མེད་པ་འཕྲད་བཞིན་པར་བོད་དོན་དེ་ཡང་དེ་ལྟར་ཆགས་ཚེ་རི་ལུག་པ་ཐག་པས་མི་འདུམ་ཞེས་པའི་དཔེ་ལྟར་རྒྱ་ནག་གཞུང་གིས་རྒྱ་འུབ་མ་འདུས་པའི་གནས་སྟངས་ཉེན་ཆེར་འགྱུར་རྒྱུ་གོར་མ་ཆགས། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཧུའུ་ཅིན་ཐའོ་ཡིས་གཙོས་གཞོན་རབས་ཚོས་སྔོན་གྱི་ཀླད་རྙིང་མཁྲེགས་བཟུང་གི་ལ་ྟ་བ་འདོར་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དུས་བསྟུན་གོམ་བགྲོད་ཆེན་པོ་ཞིག་བརྒྱབ་དགོས་པའི་དུས་ལ་བབ་ཡོད་ན་དེ་དོན་འབོད་བསྐུལ་ནན་ཏན་བྱ་རྒྱུ་ཡིན། ཕྱོགས་མཚུངས་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་བྱེད་འགོ་བཙུགས་ཏེ་ལོ་ངོ་བརྒྱད་འཁོར་བ་ལྟར་ས་གནས་ཡུལ་མི་དང་། བཙན་བྱོལ་བོད་མིའི་དབར་དམིགས་ཡུལ་ལྟར་མཐུན་ལམ་མཛའ་གཅུགས་གོང་མཐོར་འགྲོ་བཞིན་པར་ཧིན་བོད་མཛའ་འབྲེལ་ཚོགས་པ་ཁག་གི་ཚོགས་མི་རྣམས་ཀྱིས་ཐུགས་འཁུར་འབད་བརྩོན་ཆེ་བསྐྱེད་གནང་འབྲས་ལ་སོང་། འདི་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། འཕགས་བོད་འབྲེལ་ལམ་ནི་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་ནང་སྐྱབས་བཅོལ་ལ་འབྱོར་རྗེས་འབྲེལ་ལམ་ཐོག་མ་གསར་དུ་བྱུང་བ་ལྟབུ་མིན་པར་གནའ་རབས་ནས་ཆོས་དང་ཟང་ཟིང་གི་འབྲེལ་ལམ་རྒྱུན་མ་ཆད་པ་བྱུང་ཞིང་། ནང་ཆོས་དང་། དེ་དང་འབྲེལ་བའི་རིག་གཞུང་ནི་བོད་ཙམ་མིན་པར་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་ནང་པ་ཐོུང་གི་སྤྱི་ནོར་ལྟ་བུར་སོང་དེ་དག་བདག་གཅེས་རྒྱུན་འཁྱོངས་དང་། ཧིན་བོད་མཛའ་འབྲེལ་ཡར་རྒྱས་གོང་མཐོར་གཏོང་ཐབས་སུ་ད་དུང་ཤུགས་གནོན་ཆེ་བསྐྱེད་གནང་གལ། བོད་མི་ཚོས་ཀྱང་ཡུལ་ཆུ་ཐུང་ནས་ཡུལ་ཁྲིམས་འཁྱེར་ཟེར་བ་ལྟར་ཡུལ་ཁྲིམས་ལ་བརྩི་སྲུང་དང་། འགྲོ་འདུག་སྤྱོད་གསུམ་གང་ཅི་ཡུལ་གོམས་གཤིས་ལུགས་དང་མ་འགལ་བ་གནང་རྒྱུ་གལ་ཆེར་མངོན། རྒྱ་གར་ནི་བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཤིང་། སྐབས་དེར་རྒྱ་གར་རང་ཉིད་ཕྱི་རྒྱལ་བཙན་འོག་ནས་རང་དབང་རང་བཙན་ཐོབ་གྲབས་ཐབ་གསར་ལ་བརྟེན་མཐུན་རྐྱེན་མ་འཛོམས་པ་གང་ཅིའི་སྐུ་ངལ་ཡོད་ཀྱང་། བོད་མི་སྐྱབས་བཅོལ་བའི་ཆེད་གཞིས་ཆགས་འཛུགས་སྐྲུན་དང་། གཏན་ཉིན་སློབ་གྲ་ཁག་མང་གསར་རྒྱགས་གནང་བ་མ་ཟད། དུས་ད་ལྟའང་བོད་མིའི་ལས་གཞི་ཁག་ལ་ལོ་ལྟར་འགྲོ་གྲོན་ས་ཡ་མང་པོ་གཏོང་བཞིན་པར་བཀྲིན་གྱི་མངའ་བདག་ལ་བརྟེན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བླ་མེད་ཆེ་ཞེས་ཞུ་རྒྱུ་ཡིན། སྔོན་དུ་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་སྐོར་གལ་ཆེའི་གྲོས་ཆོད་ཅིག་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་འགོ་ཁྲིད་དང་། ༸གོང་ས་ཆེན་པོའི་དབར་གྲོས་མོལ་འགོ་འཛུགས་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དོ་དམ་བཙོན་འཇུག་ནས་གློད་དགྲོལ་དགོས་སྐོར་གསལ་ཡོད་པ་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་མིས་བོད་དོན་ཐོག་གྲོས་ཆོད་དོན་ཚན་བཅོ་བརྒྱད་ཅན་ཞིག་བཞག་པའི་སྙིང་དོན་ནི་རྒྱ་དམར་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་བཏང་བར་བློ་ཚབས་དང་། ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༦ ཚུན་༸གོང་ས་མཆོག་དང་། རྒྱ་ནག་གི་འགོ་ཁྲིད་དབར་གྲུབ་འབྲས་ལྡན་པའི་གྲོས་མོལ་འགོ་འཛུགས་ཐུབ་པ་མ་བྱུང་ཚེ་བཙན་བྱོལ་བོད་གཞུང་ངོས་ལེན་གནང་རྒྱུའི་སྐོར་ཕྱི་ལོ་ ༢༠༠༠ ནང་ཡོ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་དེ་བཞིན་དྲན་བསྐུལ་གནང་རྒྱུ་སོགས་གསལ་ཡོད་པ་བཅས་གོང་ཁག་གཉིས་ལ་ད་རེས་གོ་སྐབས་འདི་བརྒྱུད་ནས་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༢༠༠༢ ཕྱི་ཟླ་ ༡༢ ཚེས་ ༡༠ ལ།།