ཟླ་བ་ ༦ ཚེས ༢༣ ༢༠༡༠

༄༅། །བོད་གངས་ཅན་ལྗོངས་སུ་དུས་རབས་ཉི་ཤུ་པའི་ནང་བཙན་གནོན་གྱི་གོད་ཆག་ཆེ་ཤོས་བྱུང་བར་ཆོལ་གསུམ་བོད་མི་ཡོངས་ནས་རང་དབང་སྒེར་ལངས་བྱེད་འགོ་སྤེལ་ཏེ་མི་ལོ་ ༤༨ འཁོར་བའི་རླབས་ཆེན་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་བའི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས། སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་ལས་བྱེད་ལས་ཟུར་རྣམ་པ། དེ་རིང་དམིགས་བསལ་སྐུ་མགྲོན་དུ་ཕེབས་པའི་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཆེས་བཀུར་འོས་ཚོགས་མི་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་འཛིན་རྣམ་པ། ཕྱི་རྒྱལ་བ་བོད་ཀྱི་གྲོགས་པོ་རྣམ་པ། རྒྱ་ཆེ་སྤན་ཟླ་མང་ཚོགས་དང་། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་ཞུ་རྒྱུར།

ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གཞུང་ནས་དྲག་པོའི་དམག་དཔུང་བོད་ཆོས་ལྡན་ཞིང་ཁམས་སུ་གཏོང་འགོ་བཙུགས་ཏེ་རིམ་བཞིན་བོད་རྒྱལ་ཁབ་ཡོངས་རྫོགས་ལ་དབང་སྒྱུར་བྱ་སེམས་ཀྱིས་བཙན་གནོན་གྱི་ལས་འགུལ་མང་དག་སྤེལ་མཐར། ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་འུ་ཐུག བཟོད་བྲལ། ཐབས་མེད་ཀྱིས་བདེན་པས་ཡར་ལ་མི་ལངས་མཐུ་མེད་དུ་གྱུར་བ་ནས་བཟུང་དུས་ད་ལྟའི་བར་བོད་རྒྱལ་ཁབ་དང་། མི་རིགས། བསྟན་སྲིད་བཅས་ཀྱི་རང་དབང་གི་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་ཚུན་དགའ་བཞིན་སྤྲོ་བཞིན་པའི་ངང་ནས་བློས་བཏང་ཟིན་པའི་འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དམ་པ་དེ་རྣམས་ལ་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མྱ་ངན་དང་། ཁོང་རྣམས་ཀྱི་ལྷག་བསམ་སྙིང་སྟོབས་ཀྱི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་གུས་བཏུད་ཞུ་རྒྱུ་ཡིན། དེ་བཞིན་བོད་རྒྱལ་ཁབ་ཀྱི་རང་དབང་གི་དོན་དུ་ལས་འགུལ་བརྩམས་པའི་ཉེས་ཆད་འོག་དུས་ད་ལྟའང་རྒྱ་ནག་གི་བཙོན་ཁང་ཁག་གི་ནང་གདུག་རྩབ་མནར་གཅོད་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་དང་། དེ་འདྲའི་གནས་སྟངས་འོག་ནས་གློད་གྲོལ་ཐོབ་ཐུབ་ཙམ་བྱུང་བའི་ཆབ་སྲིད་བཙོན་ཟུར་རྣམ་པ་ལའང་གདུང་སེམས་མཉམ་སྐྱེད་ཀྱིས་གུས་བརྩི་དང་སྦྲགས་རྒྱལ་གཅེས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣགས་པའི་འདོད་དོན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ལ་མྱུར་དུ་སྤྱོད་ཐུབ་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་གདུང་ཤུགས་དྲག་པོ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དར་མའི་དགུང་ན་ ༢༤ ཡིན་པ་ད་ཆ་དགུང་གྲངས་ ༧༣ ལ་ཕེབས་ཡོད། དེ་སྐབས་རང་ལོ་ ༣༠་༤༠ ཅན་ཕལ་མོ་ཆེ་ཕྱི་མའི་ལྔ་ལམ་དུ་གྱུར་ཟིན་ཅིང་ད་ཆ་དྲན་པའི་ཡུལ་ཙམ་ཡིན། ལོ་དེར་གསར་དུ་སྐྱེས་པའི་བྱིས་པ་རྣམས་ད་ལྟ་ལོ་གྲངས་ ༤༨ ལ་སླེབས་ཡོད། ༡༩༤༩ ནས་ རྩིས་ན་དེ་བས་སྐྱོ་སེམས་འཁོལ་བའི་བསྡུར་བྱ་ཡོད། དུས་ཡུན་དེའི་ནང་འཛམ་གླིང་ནང་གནམ་སའི་འགྱུར་བ་ཕྱིན་ཟིན་པ་བཅས་ལ་གཞིགས་སྐབས་རྒྱལ་ཁབ་གང་ཞིག་གི་ཐོག་མའི་འབྱུང་ཁུངས་ཀྱི་ལོ་རྒྱུས་ལ་ཚད་འཛིན་ན་གོང་གསལ་དུས་ཡུན་དེ་དེ་ཙམ་རིང་པོ་མིན་པར་བསམ་སྲིད་ཀྱང་། སྙིགས་དུས་ཚེ་ལོ་བརྒྱ་པའི་འཇིག་རྟེན་མིའི་ལོ་ཚད་དང་། འཛམ་གླིང་གི་གནས་ཚུལ་འཕོ་འགྱུར་གྱི་མགྱོགས་ཚད་ལ་གཞི་བཞག་ཚེ་དུས་ཡུན་དེ་ནི་རིང་པོ་ཞིག་ཏུ་སྣང་། ལྷག་པར་གཞིས་ལུས་སྤན་ཟླ་རྒྱ་དམར་གྱི་བཟོད་མེད་མནར་གཅོད་དང་། དྲག་གནོན་ཆེན་པོའི་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་དམྱལ་བའི་གནས་སྟངས་འོག་སྡོད་མཁན་ཚོར་དུས་ཡུན་དེ་ཤིན་ཏུ་ནས་རིང་བའི་འཚོར་སྣང་ཇི་ལྟར་བྱུང་ཡོད་པ་ང་ཚོས་ལས་སླ་པོར་ཚོད་དཔག་བྱེད་ཐུབ། དེ་བཞིན་ང་ཚོ་བྱེས་སུ་གནས་པ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གནས་ཡུལ་རང་དབང་རྒྱལ་ཁབ་ཁག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་གཞིས་ལུས་སྤན་ཟླ་རྣམས་ལས་ལྟོས་ཏེ་རང་དབང་དང་། མང་གཙོ། ཆོས་དད། ཤེས་ཡོན་སོགས་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ནའང་ཡུལ་གྱར་སྐྱབས་བཅོལ་བའི་གནས་སྟངས་དང་། ལྷག་པར་གཅེས་པའི་རང་ཡུལ་དུས་རྟག་ཏུ་དྲན་པའི་སྐྱོ་སྣང་དང་བཅས་སྒུག་ཡུན་རིང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་མ་ཚད་མཐའ་མ་ཤི་ས་དེ་ཐོག་མའི་སྐྱེ་ས་དེར་བྱུང་ན་བསམ་པའི་རེ་བའང་འགྲུབ་མེད། དེ་འདྲའི་ངང་ཚུལ་གྱི་འབྱུང་རྩ་ནི། བོད་དོན་བདེན་མཐའ་ད་བར་གསལ་ཐུབ་མེད་པས་ཡིན། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེ་ར་ཆོས་སྒར་དུ་བཀའ་སློབ་ཕེབས་དོན་ དེང་བོད་ཀྱི་དུས་བབ་གཉན་འཕྲང་ཆེན་པོ་ཞིག་གི་ཐོག་གནས་ཡོད། སྡུག་ས་ནས་བཤད་ན་བོད་གངས་ལྗོངས་ཀྱི་བསྟན་པ་དཔལ་ནཱ་ལེྷའི་ཆོས་བརྒྱུད་ཧ་ལས་པའི་སྲོལ་བཟང་ལེགས་པོ་ཡོད་པ་འདི་ཆགས་དང་འཇིག་གི་མཚམས་སུ་སླེབས་ཡོད། ལོ་རྒྱུས་ཐོག་སྔར་ཡང་གོད་ཆག་བྱུང་ཡོད་ཀྱང་དེང་གི་གནས་ཚུལ་གསར་པ་ཞིག་ནི་བོད་མི་རིགས་ཆ་ཚང་བ་བོད་ནང་གྲངས་ཉུང་མི་རིགས་ཆགས་ཏེ་སོ་སོའི་སྐད་ཡིག་ཚུན་རིམ་པས་རྩ་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པར་གྱུར་ཡོད། དེར་བརྟེན་ལོ་རྒྱུས་ཐོག་བྱུང་བའི་སྔར་གྱི་གོད་ཆག་དང་འདྲ་གི་མེད། ད་ལྟའི་གནས་སྟངས་ནི་བོད་མི་རིགས་འདི་ཉིད་རྩ་བ་ནས་ཡལ་འགྲོ་རྒྱུའི་ཉེན་ཁ་ཞིག་ཏུ་གནས་ཡོད་ ཞེས་དང་། ཡང་བཀའ་སློབ་དེ་གའི་ནང་ གཞི་རྩའི་ཆ་ནས་བདེན་མཐའ་གསལ་ཉེ་བའི་དུས་སྐབས་སུ་སླེབས་ཡོད། དེ་སྔ་ལོ་རབས་དྲུག་ཅུ་པ་དང་། བདུན་ཅུའི་སྐབས་དང་གཏན་ནས་མི་འདྲ་བ་ཞིག་གི་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད། འོན་ཀྱང་འགྱུར་བ་གང་མྱུར་བ་ཞིག་མ་བྱུང་ན་རིམ་པས་འཇིག་རྟེན་གྱི་ཁ་དཔེར། སངས་རྒྱས་བྱོན་བྱོན་བྲམ་ཟེ་རྒས་ཞེས་བརྗོད་སྲོལ་ཡོད་པ་བཞིན་རིམ་པས་བདེན་མཐའ་གསལ་བའི་མཚམས་སུ་སླེབས་སྐབས་ཕལ་ཆེར་བོད་ཀྱི་ཡུལ་དང་། མི་རིགས། རིག་གཞུང་བཅས་པ་དྲན་པའི་ཡུལ་ཙམ་ལས་མི་གནས་པའི་ཉེན་ཁ་མེད་པ་མིན། དེ་འདྲའི་གཉན་འཕྲང་གི་དུས་སུ་སླེབས་ཡོད་ ཅེས་ཕེབས་ཡོད།

ད་ལྟ་༸གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་ཧ་ཅང་བཟང་བའི་དགའ་སྤྲོ་ཤིན་ཏུ་ཆེན་པོའི་རང་བཞིན་ཡང་ལོ་རེ་བཞིན་དགུང་ལོ་བགྲེས་སུ་མ་གཏོགས་གཞོན་དུ་ཕེབས་ཀྱི་མེད། སྤྱི་སྲོལ་ལྟར་དང་། ལྷག་པར་རང་རེའི་གཞོན་སྐྱེས་ཚོར་སེམས་ཤུགས་སྤར་སླད་སློབ་གསོ་བྱ་སྟངས་ཇི་ལྟར་ཡང་དོན་དངོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དང་རྩ་བ་ཉིད་ནས་འདྲ་གི་མེད། ༧རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་གངས་ཅན་པ་ལྷ་སྡེ་མི་སྡེ་སྣོད་བཅུད་དང་བཅས་པ་ཡོངས་ལ་མེད་ན་མེད་ཐབས་མེད་པའི་ཡིད་བཞིན་གྱི་ནོར་བུ་དེ་ཡིན། དེར་བརྟེན་མགོན་པོ་གང་ཉིད་འཚོ་བཞུགས་བཞིན་པའི་དུས་སྐབས་ཉིད་དུ་བོད་དོན་བདེན་མཐའ་གསལ་ཏེ་བོད་རིགས་སྤན་ཟླ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་དགོས་པའི་མ་ཚད། མ་འོངས་བོད་གསར་པའི་འཛུགས་བསྐྲུན་ཡང་གང་ཉིད་ཀྱི་དགོངས་བཞེས་ལམ་སྟོན་འོག་བྱ་རྒྱུའི་དུས་ཚོད་འདེང་ངེས་དགོས་པ་ཡིན། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་འབངས་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ་རྒྱུ་དང་། གུས་འབངས་རྣམས་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་སླད་ལམ་སྟོན་བཀའ་སློབ་ཇི་ཕེབས་ལ་རྩ་འཛིན་ལག་བསྟར་ཞུ་རྒྱུ་ཡིན།

༸གོང་ས་མཆོག་ནས་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་རྒྱ་བོད་འབྲེལ་མོལ་དགོས་རྒྱུའང་སྔོན་འགྲོའི་ཆ་རྐྱེན་དུ་རང་བཙན་གྱི་དགོས་འདུན་བཏོན་ན་མི་འགྲིགས་པ་བརྗོད་པར་གཞིར་བཞག་གིས་ཕན་ཚུན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལམ་སྟོན་གནང་བ་ལྟར་དུས་ད་ལྟ་བར་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་མུས་དེ་ལྟར་ཡང་། རྒྱ་ནག་གི་ཕྱོགས་ནས་དོན་དང་ལྡན་པའི་ཡ་ལན་ཇི་བཞིན་མ་བྱུང་ཁར་འདས་ལོའི་ལོ་མཇུག་ནས་བཟུང་། རྒྱ་ནག་དབུས་གཞུང་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་སྲིད་གཞུང་གཉིས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནང་པ་ལའི་དོན་རྐྱེན་གཉིས་དཔེ་མཚོན་ཙམ་གྱིས་བོད་ནང་གང་ཅིའི་དམ་དྲག་ཆེ་རུ་བཏང་བ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་སྒྲོ་བསྐུར་མཚན་སྨད་ཤུགས་ཆེ་ཞུས་དང་ཞུ་བཞིན་པ་སོགས་ལ་གཞིགས་ན་རྒྱ་ཕྱོགས་ལ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དངོས་བདེན་འདུན་པ་ཇི་འདྲ་ཞིག་ཡོད་མེད་སོམ་ཉིའི་གནས་སུ་གྱུར་ཁར་གཞིས་བྱེས་བོད་མི་ཡོངས་ལ་བློ་ཕམ་དང་སེམས་ངལ་ཅི་ཆེ་བྱུང་ཡོད། འདི་འདྲའི་བྱེད་བབ་མུ་མཐུད་ཚེ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་བཟང་པོའི་གྲུབ་འབྲས་ཞིག་ག་ལ་ཡོང་སྲིད། དེར་བརྟེན་ད་རེས་གོ་སྐབས་འདི་བརྒྱུད་འདས་ལོར་རྒྱ་ནག་གི་སྲིད་འཛིན་དང་། དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཅིག་ལྕོག་ཧ་ཅིན་ཐའོ་རྒྱ་གར་དུ་གཟིགས་བསྐོར་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཚན་འཁོད་ཕྱག་བྲིས་ཞིག་ཕུལ་བའི་ནང་དོན་གཙོ་བོ་དེ་དག་རྒྱ་ནག་གི་འགོ་འཁྲིད་ཚོར་དྲན་གསོ་དང་ལག་བསྟར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་ནི། འབྲེལ་མོལ་སྐུ་ཚབ་ཐེངས་དྲུག་པ་འཕྲལ་མར་རྒྱ་ནག་ཏུ་ཕེབས་ཐུབ་པ་དགོས་པ་དང་། ད་ལྟའི་འབྲེལ་མོལ་གྱི་རིམ་པ་གོང་མཐོར་བཏང་སྟེ་ཞི་མོལ་དངོས་གཞིར་བསྒྱུར་རྒྱུ། ཕན་ཚུན་ཡིད་ཆེས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་སླད་༸གོང་ས་མཆོག་རྒྱ་ནག་ནང་གནས་གཟིགས་དང་། བོད་ནང་གཟིགས་བསྐོར་དུ་ཕེབས་བཞེད་ཀྱི་གསལ་བསྒྲགས་སྔོན་ཟིན་ལ་རྒྱ་ནག་གཞུང་ནས་གང་མགྱོགས་ངོས་བཞེས་གནང་རྒྱུ་བཅས་ཡིན།

དེ་ནས་སྤན་ཟླ་ཚང་མས་མཁྱེན་གསལ་ལྟར་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ལུགས་དགུང་གྲངས་ ༧༣ ལ་ཕེབས་པའི་དགུང་སྐེག་དངོས་གཞི་ཡིན། བཙན་བྱོལ་བོད་གཞུང་ནས་བཀའ་སྤྱི་གཉིས་ལས་གྲུབ་པའི་དགུང་སྐེག་ཞབས་རིམ་གོ་སྒྲིག་ཆེས་མཐོའི་ཚོགས་ཆུང་ཟུར་འཛུགས་གནང་ཡོད། དེའི་ལས་རིམ་ཁོངས་འདི་ཟླའི་ཚེས་ ༡༤ ཉིན་༸གོང་ས་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་འགལ་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་རྒྱས་པ་ཞིག་འབུལ་བཞེས་གནང་གཏན་འཁེལ་ཡོད། རང་རེའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་འདི་ནས་དམིགས་བསལ་འབོད་བསྐུལ་ཞུ་རྒྱུར། དེ་ཉིན་འདི་ག་བཞུགས་སྒར་དུ་བརྟན་བཞུགས་དངོས་གཞི་འབུལ་བའི་དུས་མཉམ་དུ་རྒྱ་གར་གཙོས་འཛམ་གླིང་ཡུལ་འབྲུ་གང་སར་གནས་པའི་བསམ་མེད་བྱིས་པ་ཕུད་པའི་བོད་མི་ཡོད་དོ་ཅོག་ནས་སོ་སོའི་འཆར་ཅན་གྱི་ལས་དོན་ཆེ་བཞག་ཆུང་སྐྱུར་གྱིས་དུས་ཡུན་ཚོུད་གཉིས་རིང་བརྟན་བཞུགས་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་གསོལ་འདེབས་སྨོན་ལམ་གདུང་ཤུགས་དྲག་པོས་ཆབ་གཅིག་ཏུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། བོད་ནང་གནས་སྟངས་ཤེས་གསལ་ལ་སོང་དེ་ལྟར་ཡོང་རྒྱུ་མིན་ཡང་མངོན་མེད་དུ་རང་རང་ གི་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་འདེབས་སྨོན་ལམ་བསྐྱོན་ན་དེ་གས་འཐུས། བརྟན་བཞུགས་རྒྱ་གར་གྱི་དུས་ཚོད་ཞོགས་པ་ཚོུད་ ༨ པ་ཐོག་དབུ་འཛུགས་ཞུ་རྒྱུ་རེད། མཚམས་འདིར་གུས་ནས་དེ་རིང་དུས་དྲན་གྱི་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་རྣམ་པར་ཚིག་འགའ་ཤས་ཞུ་ཆོག་པ་ཞུ།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༧ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit