ཟླ་བ་ ༦ ཚེས ༢༣ ༢༠༡༠

༄༅། །དེ་རིང་འདིར་བོད་ལྗོངས་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༤༧ པ་སྲུང་བརྩིའི་མཛད་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པའི་གཞིས་བྱེས་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་ཕྱེད་དད་པས་སྒོ་གསུམ་གྱི་ལྷ་ཕྱག་གྲངས་མེད་སྔོན་དུ་སོང་ནས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་གཞུང་ཞབས་ལས་ཟུར་རྣམ་པ། ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་རྣམ་པ། རྡ་ས་ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཁག་གི་འགན་འཛིན་རྣམ་པ། རྒྱ་ཆེའི་མང་ཚོགས་དང་། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་ཞུ་རྒྱུར།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོདཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་དམར་དབང་འཛིན་པས་ངན་སེམས་ཁོག་བཅངས་གཡོ་འཕྲུལ་ཐབས་དགུས་རྒྱལ་ས་ལྷ་སའི་ཉེ་འདབས་རྒྱ་དམར་དྲག་དཔུང་གི་བསྟི་གནས་དམག་སྒར་ནང་ཟློས་གར་ཁྲབ་སྟོན་གཟིགས་མོར་གདན་ཞུའི་གཡོ་བྱུས་ལས་འཆར་སྐོར་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འཕྲལ་དེ་སྔོན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་ས་ཁུལ་ཁག་ནང་མང་ཚོགས་འདུ་འཛོམས་ཀྱི་གོ་སྐབས་དང་བསྟུན་ཡུལ་གྱི་འགོ་ཁྲིད་བླ་སྤྲུལ་གྲགས་ཅན་རྣམས་འཛིན་བཟུང་བཙོན་བཅུགས་ཀྱི་ལས་ངན་ཇི་སྤེེལ་རྣམས་མཐོང་ཐོས་ཀྱི་ཉམས་མྱོང་དངོས་སུ་ཡོད་སྟབས་༧རྒྱལ་བའི་སྐུ་ཕྱའི་ཛ་དྲག་ཉེན་འགན་མ་བཟོད་པར་ཟས་བཅུད་གཉིད་བྲལ་ཡིད་གདུང་དྲག་པོས་བོད་ཆོལ་གསུམ་སེར་སྐྱ་མང་ཚོགས་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་༧རྒྱལ་བའི་སྐུ་ཕྱའི་སྲུང་འདོམས་དང་། བོད་ཀྱི་བསྟན་སྲིད་ཀྱི་གནས་བབ་ཀྱང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཞན་ཇེེ་སྡུག་ཏུའགྲོ་མུས་བཅས་ལ་བརྟེན་བོད་ཀྱི་བསྟན་སྲིད་རང་དབང་མི་རིགས་དང་བཅས་པའི་དོན་དུ་རྒྱ་དམར་དྲག་དཔུང་ལ་འཚེ་མེད་ཞི་བའི་ལམ་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱེད་སྒོ་སྤེལ་ཏེ་དེ་རིང་མི་ལོ་ ༤༧ འཁོར་བའི་དུས་དྲན་ལ་སོང་དུས་ཡུན་དེའི་རིང་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་དཔའ་འཛངས་སྙིང་སྟོབས་ལ་གུས་བཀུར་ཆེ་བསྟོད་ཀྱི་བསྔགས་བརྗོད་དང་སྦྲགས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་ཀུན་ཏུ་མཉེས་ཤིང་རྗེས་སུ་བཟུང་བ་དང་། བོད་མི་འདས་གསོན་རྣམས་ཀྱི་ཡིད་ལ་བརྣགས་པའི་བོད་ལྗོངས་རང་དབང་གཙང་མའི་དཔལ་ལ་མྱུར་དུ་རོལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

འདས་པའི་ལོ་ ༤༧ རིང་རྒྱ་དམར་དྲག་དཔུང་ནས་བོད་ནང་དྲག་གནོན་བཙན་བཟུང་བྱས་པའི་ངན་འབྲས་སུ་བོད་མི་རྣམས་གཞིས་བྱེས་གཉིས་སུ་ཡུན་རིང་གྱར་སྡོད་དགོས་པ་དང་། བོད་མིའི་སྲོག་ལས་གཅེས་པའི་ཤེས་རིག་གི་བསྟི་གནས་དགོནསྡེ་གྲ་ཚང་དྲུག་སྟོང་སྐོར་རྩ་གཏོར་གྱིས་རིན་ཐང་བྲལ་བའི་ལྷ་སྐུ་རྟེན་གསུང་དང་། ཡུལ་གྱི་རང་བྱུང་གཏེར་དངོས་ཀྱི་ཐོན་ཁུངས་རྩ་ཆེ་རྣམས་རྒྱ་ནག་ནང་འོར་འདྲེན་བྱས་པ། མི་སྤྱོད་ལས་འདས་པའི་གདུག་རྩབ་མནར་གཅོད་འོག་ཉེས་མེད་བོད་མི་ས་ཡ་གཅིག་བརྒལ་བ་དུས་མིན་འཆི་སྐྱོན་སོང་ཁར། བོད་མི་མང་པོ་ཞིག་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་འོག་ད་ལྟའང་བཙོན་འཇུག་དོ་དམ་འོག་གནས་བཞིན་པ། ནུབ་བརྒྱུད་ཐོན་སྤེལ་ཆེན་མོ་ཟེར་བའི་ལས་འཆར་འོག་རྒྱ་རིགས་ཁྱིམ་གཞིས་མང་པོ་བོད་ནང་གནས་སྤོས་ཀྱིས་ཡུལ་གྱིབདག་པོ་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར་བ། མཚོ་སྔོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་ཁག་བྲེལ་ཚུབ་ངང་ལག་བསྟར་གྱིས་རྒྱ་ནག་ནས་ཐད་ཀར་འཛིན་སྐྱོང་ཐུབ་པའི་དྲག་པོའི་རྟེན་གཞི་སྲ་བརྟན་བཟོ་བཞིན་པ། དེང་གི་སྐབས་སུའང་བོད་ཀྱི་ས་ཁུལ་སྤྱི་དང་། ཁྱད་པར་ལྷ་སའི་ཉེ་འདབས་དགོན་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དམ་དྲག་ཆེན་པོས་སྤེལ་ཏེ་བོད་ནི་རྒྱ་ནག་གི་མངའ་ཁོངས་ཁ་བྲལ་ཐབས་མེད་པ་ཡིན་སྐོར་ཁས་ལེན་དང་། ༸གོང་ས་ཆེན་པོ་མཆོག་ལ་མཚན་རྨས་སྐུར་འདེབས་བྱེད་དུ་བཅུག་སྟེ་རྒྱ་མིའི་འདོད་དབང་ལྟར་ཤར་བསྐྱོད་མ་བྱས་པའི་གྲ་བཙུན་གང་འཚམས་དགོན་པ་ནས་ཕྱིར་འབུད་ཀྱིས་ཆོས་བྱེད་ཀྱི་རང་དབང་འཕྲོགས་པས་དེ་སྔ་རིག་གནས་གསར་བརྗེའི་གནས་སྟངས་དང་གཉིས་སུ་མེད་པ་སོགས་མདོར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆབ་སྲིད་ཀྱི་འཕོ་འགྱུར་གོད་ཆགས་དཀའ་ཚེགས་ཇི་བྱུང་རྣམས་དེ་རིང་ཡིད་ལ་དྲན་ཞིང་རང་རེ་བོད་མི་རྣམས་ཆོལ་ཁ་ཆོས་ལུགས་ནང་ཁུལ་དང་། ཡུལ་ལུང་ཕྱོགས་རིས་འཐེན་ཁྱེར་འདོར་ཏེ་དགྲ་གཉེན་མགོན་གསུམ་ངོས་འཛིན་འཛོལ་མེད་ཐོག རྒྱལ་གཅེས་ལྷག་བསམ་གོང་འཕེལ་ངང་རང་ཡུལ་རང་དབང་སླར་གསོའི་ལས་ཐབས་གང་ཅིར་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པའི་སྒོ་ནས་སྒོ་གསུམ་ནུས་ཤུགས་ཆིག་སྒྲིལ་ཆེ་བསྐྱེད་བྱ་རྒྱུའི་དམ་བཅའ་གསར་འཇོག་དགོས་པ་ཡིན། བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་དེ་སྔོན་ལོ་རབས་བདུན་ཅུའི་མཇུག་ཏུ་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཤོ་ཕིང་ནས་ཚུར་གྲོས་འགོ་བཏོན་དོན། རང་བཙན་ཕུད་གནད་དོན་གཞན་དག་གང་ཡང་གྲོས་མོལ་བྱ་འཐུས་ཡོང་བ་གསུངས་དོན་བཞིན་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༨༧ ནང་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། ༡༩༨༨ ལོར་སི་ཊར་སི་སྦག་ཏུ་ཡོ་རོབ་སྤྱི་མཐུན་གྲོས་ཚོགས་སུ་གསུང་བཤད་བསྩལ་བ་བཅས་ཀྱི་སྙིང་དོན་བོད་ལྗོངས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་འདུན་བཏོན་པ་ནི་གོང་གསལ་གྲོས་འགོའི་རྒྱ་ལས་མ་འགལ་ཞིང་། བོད་རྒྱ་གཉིས་སྨན་ཆེད་དང་། འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་ཡངས་དཀྱེལ་ཆེའི་འགན་ཁུར་ལྡན་པའི་དགོངས་འཆར་ཞིག་ཡིན་པ་མ་ཟད། ལོ་མང་རིང་ལྷག་བསམ་རྣམ་དག་གིས་ཕྱག་ལེན་འགེལ་ཐབས་འབད་བརྩོན་ཡོད་རྒུ་རྩལ་སྤྲུག་མཛད་ཡོད་ཀྱང་། རྒྱ་ཕྱོགས་ནས་དྭོགས་ཟོན་དང་། མཁྲེགས་བཟུང་གུ་དོག་ཀ་ཀོར་ཁོ་ནས་ཡ་ལན་བདག་སྤྲོད་ཚུལ་བཞིན་མ་ཞུས་ཁར། ༸གོང་ས་ཆེན་པོའི་སྐུ་ཚེར་ཚད་བཀག་ངན་སྒུག་གིས་སྐུ་ཚེའི་འདུ་བྱེད་སྟོང་པ་དང་ཆབས་ཅིག་བོད་ དོན་ཡང་མེ་རང་ཤི་དང་། དུ་བ་རང་ཡལ་དུ་འགྲོ་རྒྱུའི་རེ་ངན་བཅངས་པ་ནི་ཤིན་ཏུ་ནས་ནོར་ཚབས་ཆེ་བ་ཞིག་ཡིན་ཞིང་། དེ་ལས་ལྡོག་སྟེ་རྒྱ་རིགས་མཁས་པ་དང་། གཟུ་གནས་སྐྱེ་བོ་མང་པོས་གྲོས་འཆར་ནི་འོས་ཤིང་འཚམས་ལ་༸གོང་ས་མཆོག་ནི་བོད་རྒྱའི་རྩོད་རྙོག་སེལ་རྒྱུར་ལྡེ་མིག་ལྟ་བུར་ངོས་འཛིན་གདེང་འཇོག་ཞུས་དང་ཞུ་བཞིན་པ་མ་ཟད། རང་ཕྱོགས་ནས་ཀྱང་འབྱུང་འགྱུར་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་བྱེད་སྐོར་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༢ ནས་ ༩༧ ཟླ་ ༧ ཚེས་ ༣༡ བར་བོད་ཕྱི་ནང་རྒྱ་ཆེའི་མང་ཚོགས་ནས་ཡིག་ཐོག་བསམ་ཚུལ་བསྡུ་བཞེས་གནང་དོན། སྔོན་འགྲོའི་བསམ་ཤོག་ཕུལ་འབྱོར་ཁོངས་རྩའབོར་བརྒྱ་ཆ་ ༦༤།༦༠ ནས་མང་མོས་འོས་བསྡུའི་ཐག་གཅོད་མ་དགོས་པར་༸གོང་ས་ཆེན་པོས་འཛམ་གླིང་ནང་ཆབ་སྲིད་འཕོ་འགྱུར་གནས་སྟངས་དང་བསྟུན་དུས་ནས་དུས་སུ་ཡེ་ཤེས་དབྱིངས་བཅད་ཀྱིས་སྲིད་བྱུས་ཐག་གཅོད་གནང་སྐྱོངས་ཡོང་བ་ཞུས་པ་གཞིར་བཟུང་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༢༠ ཉིན་མགྲིན་དབྱངས་གཅིག་གྱུར་སྤྱི་མོས་གྲོས་ཆོད་གཏན་འབེབས་ཀྱིས་༸གོང་ས་མཆོག་ལ་ཁྲིམས་ཐོག་ནས་སྐུ་དབང་ཕུལ་ཁར། བོད་གཞིས་ལུས་མང་ཚོགས་ནས་ཀྱང་༸གོང་ས་མཆོག་ལ་དད་འདུན་གཡོལ་མེད་ངང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བློ་རྩེ་གཅིག་གཏད་ཀྱིས་རྒྱབ་སྐྱོར་ཡོད་པ། འཛམ་གླིང་མང་ཚོགས་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོས་གང་ཉིད་ཀྱི་གྲོས་འཆར་ལ་བདེན་རྒྱབ་དཔུང་གཉེན་ཞུ་བཞིན་པ་བཅས་བོད་ཀྱི་མ་འོངས་མདུན་ལམ་ཐག་གཅོད་གནང་རྒྱུར་༸གོང་ས་མཆོག་ལས་བཀའ་ལུང་ནུས་སྟོབས་ཡོད་པ་གཞན་དུ་མ་མཆིས་པ་ལོངས་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་མཚུངས་ལ་བརྟེན་མགོན་པོ་གང་ཉིད་སྐུ་ཚེ་འཚོ་བཞུགས་རིང་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱུང་ན་བོད་རྒྱ་གནའ་འབྲེལ་གོང་འཕེལ་ཡུན་གནས་དང་། རྒྱལ་ཁབ་ཀྱི་གོང་བུའི་ནུས་ཤུགས་སྲ་བརྟན། ཡུལ་གྱི་ལྷིང་ཆགས། རྒྱལ་སྤྱིའི་ནང་རྒྱ་ནག་གི་མཚན་མཐོང་ལ་རྒྱ་ཉམས་དམས་སུ་མི་འགྲོ་བ་སོགས་ཆུ་བརྒྱ་ཟམ་འོག་ཏུ་བསྡུས་ཤིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲུབ་འབྲསཡོང་རྒྱུར་གོར་མ་ཆགས་པས། ད་ལྟ་རྒྱ་བོད་སྐུ་ཚབ་དབར་འབྲེལ་མཐུད་ཀྱི་ལས་རིམ་ཐེངས་འགའ་ཤས་འགྲོ་བཞིན་པ་བཟང་ཕྱོགས་ཀྱི་འགྱུར་བ་གང་ལེགས་ལྟར་ད་དུང་གྲོས་མོལ་དངོས་གཞིར་འཇུག་སྟེ་འཁྲུན་ཐག་གཙང་ཆོད་ཐུབ་པ་བྱ་རྒྱུ་ནི་དུས་སུ་བབ་པའི་བྱ་བ་གལ་ཆེན་ཡིན་གཤིས་ཕྱོགས་ཚང་མས་བསམ་ཞིབ་འཕྱུགས་མེད་གོ་སྐབས་བཟང་པོ་ཆུད་བཟོས་སུ་མ་སོང་བ་གནང་གལ་ལས། དེ་མིན་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཟིན་པའི་བོད་དོན་ནི་ཆབ་སྲིད་བབ་སྟེགས་ཁག་ནང་གླེང་སློང་དང་། ༸གོང་ས་མཆོག་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ནང་དད་ལྡན་མང་པོས་གསོལ་འདེབས་གདན་ཞུས་ལྟར་ཆིབས་བསྒྱུར་བཀྲིན་གནང་ཚད་ལ་རྒྱ་ཕྱོགས་ནས་འགོག་རྐྱེན་སྣ་ཚོགས་བཟོ་ཐབས་བྱས་ཀྱང་ཉི་ཤར་སྦར་མོས་འགེབ་ཐབས་མེད་ཁར། མ་འོངས་མི་རབས་གསར་པ་གཞོན་སྐྱེས་དག་ནས་བོད་ཀྱི་རྩ་དོན་འདེམས་ཁ་ཐག་གཅོད་ཇི་བྱེད་དང་། ད་མུས་བཞིན་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་མ་ཡིན་པར་བརྗེ་སྒྱུར་གསར་སྤྲོས་ཇི་འབྱུང་ངེས་པ་མེད་སྟབས་བོད་དོན་ཡང་ཐེ་ཝན་གྱི་གནད་དོན་ལྟར་ཡུན་རིང་ཐག་གཅོད་གཏན་འཁེལ་མ་ཐུབ་པའི་སྐྲན་ནད་ཅིག་ལ་མི་འགྱུར་བའི་ངེས་པ་གང་ཡང་མེད་པས་དེའི་འགན་ཁུར་ཡོངས་རྫོགས་ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་། བྱེ་བྲག་སྲོག་ཆགས་རྣམས་ལ་བྱམས་སྙིང་གི་དགོངས་པ་ཆེ་བཞེས་ཀྱིས་རི་དྭགས་རྩ་བརྒྱུད་དཀོན་རིགས་རྣམས་རྩ་སྟོང་དུ་མི་འགྲོ་བའི་ཆེད་གཅནགཟན་གྱི་པགས་རིགས་ཉོ་ཚོང་མི་བྱེད་ཅིང་། པགས་རིགས་ཀྱིས་མཛེས་རྒྱན་སྤྲས་པའི་གྱོན་ཆས་དང་། རྒྱན་གོས་མཆོར་པོའི་རིགས་རྒྱུན་བེད་མི་བྱེད་པ་དགོས་རྒྱུའི་བླང་དོར་ལམ་སྟོན་བཀའ་སློབ་སྔ་རྗེས་རིམ་བསྟུད་གནང་བའི་འབྲས་བུར་སྤང་བླང་ཕྱིས་འདོམས་ཞུ་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་གང་ལེགས་བྱུང་འདུག་པ་མ་ཟད། ལྷག་པར་གཞིས་ལུས་སྤན་ཟླའི་ཁྲོད་མང་པོ་ཞིག་གིས་༸གོང་ས་ཆེན་པོའི་བཀའ་སློབ་གཙིགས་ཆེར་འཛིན་ཏེ་རྒྱ་ཕྱོགས་ནས་འགོག་རྐྱེན་བཟོ་མིན་ལ་མ་ལྟོས་པར་པགས་རིགས་ཀྱི་རྒྱན་གོས་རྣམས་མེར་བསྲེགས་རྩ་མེད་བཟོ་བའི་ལས་འགུལ་བརྩམས་གནས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བར་ཡིད་སྤྲོ་བརྟས་པས་ཡིད་སྨོན་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། སླད་ཀྱང་རྒྱན་གོས་གསར་བཟོའམ། དཔལ་འབྱོར་གྱི་ཁེ་ཕན་ཕྲ་མོར་འདོད་སྲེད་ཀྱིས་ནག་ཚོང་ཁྲིམས་འགལ་རིགས་མི་འབྱུང་ཞིང་། སེམས་ཅན་སྤྱིར་གནོད་འཚེ་སྤོང་བ་དང་། མི་བསྲུན་སྲོག་གི་འཇིགས་སྐྱོབ་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་མི་ལྷོད་པ་གནང་གལ་ཆེ་བ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ༢༠༠༦ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit