༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༢ ཉིན་ནིའུ་ཡོཀ་དང་ནིའུ་ཇར་སིའི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོའི་སྨིན་སྩལ་ཐོབ་སྟེ་གོང་གསལ་ས་གནས་གཉིས་ཀྱི་གཙོས་ཕྱོགས་མཐའ་ཁག་ནས་ཆེད་བཅར་ཞུས་པའི་བོད་མི་གྲངས་ ༥༠༠༠ བརྒལ་བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་རི་ར་ས་ཡིཌེ་ཅར་ཅི་ Riverside Church ཞེས་པའི་ཡེ་ཤུ་ལྷ་ཁང་ཆེན་མོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་དབུ་བཞུགས་ཐོག་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོས་འདིར་བོད་རང་དབང་འཐབ་རྩོད་བྱེད་རྒྱུའི་རྒྱུ་མཚན་ནི་ཆབ་སྲིད་ཀྱི་དབང་ཆའི་སྐད་ཆ་གཅིག་པུ་མ་རེད། གཙོ་བོ་དེ་བོད་ལ་ཆོས་དང་རིག་གཞུང་སོགས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེས་མི་མང་དག་ཅིག་ལ་ཕན་ཐོགས་དང་དགེ་མཚན་ཡོད་པའི་ཆ་ནས་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཐོག་བདག་པོ་རྒྱག་རྒྱུ་ནི་མི་མང་པོའི་ཁེ་ཕན་ལ་ཐུག་ཡོང་གི་ཡོད་པར་བརྟེན་ང་ཚོས་འབད་བརྩོན་བྱེད་དགོས་པ་དེ་ཡིན།
དེ་བཞིན་ཉིན་རེ་ཉིན་རེའི་སོ་སོའི་ལྟོ་གོས་ཀྱི་ལས་ཀར་བོད་སྐད་ཀྱི་ཕན་མ་ཐོགས་ནའང་། སོ་སོ་བོད་པ་ཞིག་ཡིན་སྟབས་ཡིན་གཅིག་མིན་གཅིག་བོད་སྐད་དང་བོད་ཡིག་མ་བརྗེད་པ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། ལྷག་པར་གཞོན་སྐྱེས་ཕྲུག་གུ་ཚོས་བོད་སྐད་མ་བརྗེད་པ་དང་བོད་སྐད་ཤེས་རྒྱུའི་སྦྱོང་བརྡར་བྱེད་སའི་གོ་སྐབས་ལྟ་བུ་དེ་སོ་སོའི་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
ང་ཚོའི་མི་རབས་གསར་པ་འཚར་ལོངས་བྱེད་མཁན་ཚོས་གང་ཐུབ་སོ་སོའི་སྐད་ཡིག་མ་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་དུས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཐོག་ཚང་མས་འཁུར་བླང་སྟེེ་ཤུགས་སྒྲིལ་རྒྱུ་གལ་ཆེན་པོ་རེད།
ང་ཚོ་གཞོན་སྐྱེས་ཁ་ཤས་སློབ་སྦྱོང་ཕྲན་བུ་བྱས་རྗེས་མུ་མཐུད་སློབ་སྦྱོང་མ་བྱས་པར་འཕྲལ་སེལ་ལྟོ་གོས་ཀྱི་ལས་ཀ་བྱེད་མཁན་དེ་འདྲ་ཡང་ཡོང་གི་ཡོད་པ་འདྲ། དེ་ལྟར་བྱེད་རྒྱུ་མེད། རང་ཉིད་ཀྱིས་སློབ་སྦྱོང་གི་སྡེ་ཚན་གང་དང་གང་ལ་ཡིན་ནའང་སོ་སོའི་རང་སྐྱ་འཕེར་བའི་བྱས་རྗེས་འཇོག་ཐུབ་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མིའི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་ལུས་ཤིག་ཡོད་པ་ཇི་སྲིད་གནས་པ་དེ་སྲིད་དུ་བོད་པ་ཆགས་ཡོད། ཡུལ་འདྲ་མིན་གྱི་མི་སེར་ཡོང་མདོག་ཁ་པོ་རེད། འོན་ཀྱང་རྩ་བ་བོད་པ་ཆགས་ཡོད་པ་དེ་ཟུབ་ཐབས་མེད་ལ་བརྗེད་ཐབས་ཀྱང་མེད། དེར་བརྟེན་ང་ཚོ་ཚང་མས་བོད་པའི་འདུ་ཤེས་མ་བརླག་པ་བྱེད་དགོས། དེའི་ཐོག་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་རྒྱུ་དང་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད། ལས་འགན་དེ་བསྒྲུབ་རྒྱུར་ཆ་རྐྱེན་གཙོ་བོ་གཅིག་དེ་ང་རང་ཚོ་མི་རིགས་རང་ཉིད་ཀྱི་སྤོབས་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཆོས་བསྒྲུབ་པའི་སྐབས་ལ་ཡིན་ནའང་། ངས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ནུས་བསམ་པ།ངས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ནུས་བསམ་པའི་སྤོབས་པ་དགོས་ཀྱི་ཡོད། སྤོབས་པ་མེད་ན་རླབས་ཆེན་པོའི་བྱ་བ་བསྒྲུབ་ཐུབ་རྒྱུ་མེད། སྤོབས་དང་ང་རྒྱལ་ཁག་ཁག་རེད། དེར་བརྟེན་རྒྱུ་མཚན་ལྡན་པའི་ཐོག་སོ་སོའི་སྙིང་སྟོབས་ཟིན་ཏེ་སྤོབས་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་མི་རིགས་ལ་ཆ་བཞག་ན། བོད་གངས་ཅན་པ་བརྗོད་རྒྱུ་དེ་ཕྱོགས་གཅིག་ནས་ས་འོག་ནས་གནའ་རྫས་ཐོན་པ་དེ་དག་ལ་གཞིགས་ཚེ་ཧ་ལམ་ལོ་རིང་མཐར་ཆ་བཞག་ན། ལོ་སྟོང་ཕྲག་སུམ་ཅུའི་སྐོར་ཤོད་ཀྱི་འདུག ས་གནས་ཁ་ཤས་ལ་ཐུང་མཐར་ཆ་བཞག་ནའང་། ལོ་སྟོང་ཕྲག་བདུན་བརྒྱད་ཤོད་ཀྱི་འདུག ལོ་ཁྲི་གཅིག་སྐོར་ཤོད་ཀྱི་འདུག གང་ལྟར་ལོ་རྒྱུས་ཡོད་པ་ཞིག་ཆགས་ཀྱི་ཡོད། ལོ་རྒྱུས་ཡུན་རིང་པོ་ཡོད་པ་ཙམ་ཡིན་ནའང་རིག་གཞུང་གང་ཡང་མེད་ན་དེ་ཙམ་གྱི་ངོ་མཚར་བྱེད་རྒྱུ་གང་ཡང་མེད། འོན་ཀྱང་དེ་འདྲ་རེད་མི་འདུག རིག་གཞུང་ཞེས་སོ་སོའི་མི་རིགས་ཀྱི་གོམས་གཤིས་ཡོད་པ་དང་བཟའ་སྟངས་དང་འཐུང་སྟངས་ཀྱི་གོམས་གཤིས་ཤིག་ཡོད་པ་གཅིག་པུས་ཚད་ཀྱི་མེད། བོད་པར་སོ་སོའི་བོད་ཡིག་གཅིག་ཡོད་པ་རེད།
རྒྱ་གར་གྱི་ཡི་གེ་ནས་དཔེ་བལྟས་པའི་ཡི་གེ་གཅིག་དང་ང་རང་ཚོ་སོ་སོའི་ཡི་གེ་རང་མཚན་པ་ཞིག་ཆགས་ཡོད། ཡི་གེ་ཡོད་པ་ཙམ་གྱི་ཧ་ལས་རྒྱུ་མེད། ཡི་གེ་དེའི་ནང་བརྗོད་བྱ་ག་རེ་ག་རེ་ཡོད་མེད་བསམ་བློ་གཏོང་དགོས། དེ་འདྲ་བསམ་བློ་གཏོང་སྐབས། དེ་རིང་ཁ་སང་གི་དུས་ཚོད་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཛམ་གླིང་ཡོངས་གྲགས་སུ་ཆོས་ལུགས་གལ་ཆེ་བ་ཞིག་ཆགས་ཡོད། གྲུབ་མཐའ་རྙིང་ཤོས་ཡིན་པ་ཞིག་ཆགས་ཡོད། དེ་ལྟ་བུའི་གྲུབ་མཐའ་རྙིང་ཤོས་ཡིན་པའི་སངས་རྒྱས་ཀྱི་ཆོས་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་ཐུབ་མཁན་གྱི་ཡི་གེ་དེ་བོད་ཡིག་མ་གཏོགས་འཛམ་གླིང་འདིའི་སྟེང་མེད་པ་དེ་ཧ་ཅང་གསལ་པོ་རེད། ལེགས་སྦྱར་གྱི་སྐད་ནི་མཁས་པ་ཁ་ཤས་ཀྱི་མ་གཏོགས་བེད་སྤྱོད་བྱེད་རྒྱུ་མེད། བོད་ཡིག་དེ་ང་ཚོ་བོད་མིའི་སྤྱི་སྐད་རེད།སོ་སོའི་ཡི་གེ་དེ་དངོས་གནས་ལེགས་སྦྱར་གྱི་སྐད་དང་མཉམ་དུ་འགྲོ་ཐུབ་རྒྱུའི་ཡི་གེ་གཅིག་ཆགས་ཡོད་པ་དེའི་ཆ་ནས་ཡིན་ནའང་། ང་ཚོ་སྤོབས་པ་སྐྱེ་རྒྱུ་ཞིག་འདུག དེ་བཞིན་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་ཡོད་པའི་ཡུལ་གྲུ་མང་པོ་ཡོད། ཡུལ་གྲུ་འདྲ་མིན་གྱི་ནང་པ་ཚོ་དང་ང་ཚོས་ངོ་ཤེས་ཏེ་ནང་ཚགས་ཆགས་སྐབས་གསལ་པོ་ཆགས་ཡོང་གི་འདུག ང་ཚོ་བོད་པའི་ནང་ཆོས་ཀྱི་སློབ་གཉེར་རྒྱག་སྟངས་དང་སྒྲུབ་པ་བྱེད་སྟངས་དེ་དག་ཧ་ཅང་སྤུས་དག་པོ་དང་ཆ་ཚང་བ་ཞིག་ཡོད་སྟབས། ནང་པ་འདྲ་འདྲའི་ནང་བསྡུར་ཡོང་སྐབས་བོད་ཀྱི་ནང་པའི་ཆོས་དེ་དག་ལྟ་གྲུབ་འཕེར་བ་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེར་བརྟེན་དེ་རིང་ཁ་སང་ཆོས་དང་མ་འདྲེས་པའི་ཚན་རིག་པའི་ནང་ལ་ཡིན་ནའང་། བོད་ཀྱི་ནང་ཆོས་ཀྱི་ནང་ལ་མིའི་སེམས་ཀྱི་རྣམ་གཞག་དང་ཀུན་རྟོགས་ཀྱི་རྣམ་གཞག་འདྲ་མིན་དེ་དག་གི་གྲས་ལ་འགྲེལ་བཤད་ཕྱུག་པོ་ཞིག་དང་གདོང་ལེན་བྱེད་སྟངས་ཀྱི་ཐབས་ལམ་མང་དག་ཅིག་ཡོད་སྟབས། ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་ནས་བློ་གཟུ་བོར་གནས་པ་མང་པོ་ཞིག་གིས་དོ་སྣང་ཤུགས་ཆེ་བྱེད་ཀྱི་འདུག དེ་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད་འདུག དེང་སྐབས་ངོས་དང་རྒྱ་རིགས་མཁས་དབང་མང་པོ་ཐུག་གི་ཡོད། མཁས་དབང་དེ་ཚོའི་ནང་མང་པོ་ཞིག་གིས་ངོས་ལ་འདི་ལྟར་བརྗོད་ཀྱི་འདུག རྒྱ་ནག་ནང་གི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་འགྲོ་གི་རེད། ཁོང་ཚོའི་སེམས་ཁྲལ་ཆེ་ཤོས་དེ་འདས་པའི་ལོ་ ༦༠ ནང་རྒྱ་ནག་ལ་གནའ་རབས་ནས་ཡོད་པའི་ཡ་རབས་བཟང་སྤྱོད་ཟེར་རྒྱུ་དེ་བར་སྐབས་ཉམས་རྒུད་ཕྱིན་ཏེ་མེད་པ་རེད། དེ་སླར་གསོ་ཡོང་རྒྱུ་ནི་ཧ་ཅང་ཁག་པོ་རེད་འདུག དེའི་ཐོག་ཁོང་ཚོས་བོད་པར་རེ་བ་རྒྱག་གི་ཡོད། རྒྱ་ནག་ནང་ཡ་རབས་དང་། བྱམས་བརྩེ། བཟང་སྤྱོད་ཀྱི་ཕོངས་པ་དེ་བོད་པས་རོགས་བྱས་ཏེ་བསྐྱར་གསོ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱ་མི་ཤེས་ཡོན་ཅན་དེ་ཚོས་འདི་ལྟར་བརྗོད་བྱུང་།དེ་བཞིན་དེང་སང་ས་ཆ་མང་ཆེ་བར་རྒྱ་རིགས་སློབ་ཕྲུག་དང་། ཕྱིར་སྡོད་རྒྱ་རིགས་ལ་སོགས་ཡོད་པར་བརྟེན་ང་ཚོས་ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། སྔ་མོ་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གནས་ཚུལ་མ་བྱུང་གོང་ངོས་ཀྱིས་བོད་པ་ཚོར་གལ་ཏེ་རྒྱ་མི་ཚོ་དང་ཐུག་རྒྱུའི་གོ་སྐབས་བྱུང་ཚེ་འབྲེལ་བ་བཟོ་རྒྱུ་དང་གྲོགས་པོ་འགྲིག་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། བདེན་པའི་སྐད་ཆ་བཤད་པ་ཡིན་ན་མི་སུ་ཞིག་ཡིན་ནའང་འགྱུར་བ་འགྲོ་གི་རེད། མདོར་དོན་སྙིང་པོ་ད་ལྟ་བར་དུ་ང་ཚོས་དབུ་མའི་ལམ་ཞེས་རང་བཙན་རྩོད་ཀྱི་མེད། འདས་པའི་ལོ་རྒྱུས་ཐོག་བོད་འདི་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་མེད། སྔ་རྗེས་ཀྱི་གསུང་བཤད་ནང་ཡོངས་གྲགས་སུ་ལོ་རྒྱུས་ཞེས་པ་དེར་འཁྱོག་བཤད་རྒྱག་རྒྱུ་མེད། བོད་ཀྱི་ལོ་རྒྱུས་ལ་ཆ་བཞག་ན་རྒྱ་ནག་གཞུང་ཕྱོགས་ཀྱིས་ཤོད་ཚུལ་གཅིག་ཡོད་པ་དང་། བོད་པ་རང་ཉིད་ཀྱིས་ཤོད་ཚུལ་གཅིག་ཡོད། ནུབ་ཕྱོགས་པའི་ཁྲིམས་ལ་མཁས་པ་ཚོས་ཤོད་ཚུལ་གཅིག་ཡོད་པ་རེད། ཅེས་ཤོད་ཚུལ་མི་འདྲ་བ་ཡོད་སྐོར་ངོས་ཀྱིས་ཤོད་ཀྱི་ཡོད།ང་ཚོ་བོད་ཀྱི་བླ་མ་གོང་མ་ཚོའི་རྣམ་ཐར་ནང་ཆ་བཞག་ནའང་། བླ་མ་སོ་སོའི་རྣམ་ཐར་ནང་བླ་མ་གཞན་ཞིག་དང་རྩོད་པ་བརྒྱབ་སྟེ་གཅིག་པུ་དེ་ཕམ་པ་ལྟ་བུ་ཞིག ཡང་བླ་མ་གཞན་ཞིག་གི་རྣམ་ཐར་ནང་བླ་མ་གཞན་དག་དེ་ཕམ་པ་ལྟ་བུ་ཞིག་སྔོན་ནས་ཡོང་གི་འདུག ལོ་རྒྱུས་ནི་སོ་སོའི་ལྟ་ཚུལ་གྱི་ཐོག་ནས་ཤོད་སྟངས་འདྲ་མིན་ཡོང་གི་ཡོད། གང་ལྟར་དངོས་ཡོད་ཀྱི་གནས་ཚུལ་ལ་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཆགས་ཡོད། ཛ་དྲག་གི་གནས་ཚུལ་དེ་ནས་སྐྱོབ་ཐུབ་པ་ཞིག་དགོས་ཀྱི་ཡོད། སྐྱོབ་ཐབས་བྱེད་རྒྱུ་དེ་འཛམ་གླིང་འདིའི་སྟེང་ལ་ངོས་ཀྱིས་ནམ་རྒྱུན་མི་ཚོར་ང་ཚོས་དུས་རབས་ཉེར་གཅིག་འདི་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་ཀྱི་འདུག འཚེ་བ་མེད་པའི་དུས་རབས་འདི་དཀའ་ངལ་ག་རེ་ཡིན་རུང་གྲོས་མོལ་བྱས་ཏེ། གཉིས་མོས་ཀྱི་ལམ་ནས་སེལ་རྒྱུ་ཞིག་དགོས་ཀྱི་རེད་ཅེས་རྟག་པར་འདི་ཤོད་ཀྱི་ཡོད། མི་ལ་ཁ་འཕྱར་འཕྱར་བྱས་ནས་ཤོད་རྒྱུ་དེ་ང་ཚོ་རང་ཉིད་ཀྱི་ལག་ལེན་སྐྱེལ་སྐབས་དེ་དང་མཐུན་པའི་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་རང་རྒྱལ་གཞན་ཕམ་ཞེས་པའི་སྐད་ཆ་མིན་པར་གཉིས་ཕན་ཐོག་ནས་འགྲོ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། གཉིས་ཕན་གྱི་སྒང་ནས་བསམ་བློ་བཏང་ན། ད་ལྟ་ཕན་ཆད་ཡིན་ནའང་རྒྱ་རིགས་ཤེས་ཡོན་ཅན་དང་དེ་བཞིན་གུང་ཁྲན་ཏང་ཡོན་ལས་བྱེད་པ་རྒན་གྲས་རྒན་ཡོལ་ཕྱིན་པ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་བཞིན་འདུག རྒྱ་ནག་གཞུང་གི་འགོ་ཁྲིད་ལས་བྱེད་པ་གཡོན་ཐལ་ཅན་གྱི་བསམ་བློ་མཁྲེགས་པོ་བཟུང་མཁན་དེ་དག་ཕོ་རོག་དཀར་པོ་ལྟ་བུ་ཆགས་ཡོང་གི་འདུག དེ་ཚོའི་གྲས་དེ་ད་ལྟ་ང་ཚོས་མཐའ་གཉིས་སུ་མ་ལྷུང་ཟེར་ནའང་མི་འདུག གང་ལྟར་གཉིས་ཕན་གྱི་ལམ་ནས་འབད་བརྩོན་བྱེད་སྐབས་རྒྱ་རིགས་ནང་ལ་འགུལ་སྐྱོད་གང་ཙམ་ཞིག་ཐེབས་ཡོང་གི་འདུག ང་ཚོས་མཁྲེགས་པོ་བྱས་ན། གདོང་ཐུག་སྒང་ལ་འགྲོ་རྒྱུ་རེད་ལ་རྒྱ་རིགས་ནང་ནས་ང་ཚོར་རྒྱབ་སྐྱོར་དེ་ཁག་པོ་རེད།རྒྱ་རིགས་ནང་ནས་རྒྱབ་སྐྱོར་མེད་པར་ང་ཚོ་གཅིག་པུས་འགོ་འདྲེན་རྒྱུར་བསམ་བློ་གཏོང་དགོས་རྒྱུ་ཡང་ཁག་པོ་ཡིན། དེ་བཞིན་འཛམ་གླིང་སྤྱིའི་ཐོག་ནས་ཨ་རིའི་སྲིད་གཞུང་གི་མཚོན་ཡུ་རོབ་མཉམ་འབྲེལ་དང་། གཙོ་ཆེ་རྒྱ་གར་གཞུང་ནས་ང་ཚོས་ད་ལྟ་ཕན་ཆད་ལ་གཉིས་ཕན་གྱི་ཐབས་ལམ་འཚོལ་རྒྱུ་དེར་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་བྱས་ཏེ། རྒྱ་མིའི་དཔོན་རིགས་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ནམ་བྱུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱབ་སྐྱོར་དེ་དག་རྩ་ཆེན་པོ་རེད་འདུག ང་ཚོའི་ལངས་ཕྱོགས་དང་བྱེད་ཕྱོགས་དེར་ང་ཚོར་རྒྱབ་སྐྱོར་ག་ཚོད་ཙམ་ཞིག་ཡོང་བ་འདུག ལྷག་པར་རྒྱ་མི་རིགས་ཀྱི་ནང་ང་ཚོས་འབྲེལ་བ་གང་འདྲ་བཟོ་དགོས་ཀྱི་འདུག དེ་དག་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་ཏན་ཏན་བཏང་སྟེ་བྱེད་དགོས་པ་ཞིག་ཡིན། འོན་ཀྱང་དབང་ཤེད་བྱས་ཏེ་དེ་ཁོ་ན་རེད་ཅེས་ནམ་ཡང་ཤོད་ཀྱི་མེད། མི་དམངས་ཀྱིས་བསམ་འཆར་བསྡུས། གོ་བསྡུར་བྱས་ཏེ་འདས་པའི་ལོ་རྒྱུས་ཀྱང་དེ་འདྲ་བྱས་ནས་ཕྱིན་པ་རེད་ལ་མ་འོངས་པར་ཡང་དེ་བྱེད་རྒྱུ་རེད། ཁྱེད་རང་ཚོ་མི་དམངས་ཁོང་ཁྲོ་ལང་སྐབས་ལམ་སེང་ང་ཚོས་གཅིག་བྱེད་དགོས་ཡོད་བརྗོད་རྒྱུ་དེ་སྔོན་ལ་ཐུབ་དང་མ་ཐུབ། བསམ་ཕོད་པ་དང་བརྗོད་ཕོད་པ་ཧ་ཅང་ཡོད་པོ་རེད། འོན་ཀྱང་དེས་གྲུབ་འབྲས་ག་ཚོད་ཙམ་ཞིག་སོན་གྱི་འདུག དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན།གྲུབ་འབྲས་སོ་སོའི་འདོད་དབང་གཅིག་པུས་བསྒྲུབ་ཐུབ་རྒྱུ་ཞིག་ཡིན་ན་འགྲིག་གི་རེད། ང་ཚོ་སྤྱི་པའི་དོན་དག་དེ་ཕྱོགས་མང་པོ་ཞིག་ལ་བརྟེན་ཡོད་པ་ཞིག་ཆགས་ཡོད། ང་ཚོའི་དཀའ་ངལ་དེ་ཡང་ཕྱོགས་གཞན་དག་ནས་ཡོང་བ་རེད། དེར་བརྟེན་ཕྱོགས་གཞན་དག་གི་གནས་ཚུལ་ལ་བསམ་ཞིབ་ཏན་ཏན་བྱེད་དགོས་པ་ཞིག་ཡིན། ཞིབ་ཕྲ་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོས་འགྲེལ་བཤད་རྒྱག་གི་རེད། ཁྱེད་རང་ཚོས་གཟབ་ནན་བྱས་ཏེ་ཉན་རོགས། ཤེས་སོང་ངམ། ང་ཚོ་མང་གཙོའི་ཐོག་ལ་འགྲོ་གི་ཡོད། མང་གཙོ་ཞེས་པ་དེར་མི་མི་རེ་ངོ་རེས་སེམས་ཁུར་བླང་སྟེ་འགྲོ་དགོས་པ་རེད་མ་གཏོགས་སེམས་ཁུར་གང་ཡང་མ་བླང་པར་ཧོབ་ཧོབ་ལ་ཚོར་བ་ངར་པོ་བྱས་པས་ཕན་གྱི་མི་འདུག དེར་དུས་རྒྱུན་ལྡན་ནས་དོ་སྣང་བྱས་ཏེ་སེམས་ཁུར་བླང་ནས་བྱེད་རྒྱུ་གལ་ཆེན་པོ་རེད། དགེ་བཙུན་རྣམ་པ་ཧ་ཅང་མང་པོ་འདུག ཁྱེད་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་ཚབ་བྱེད་མཁན་ཞིག་ཆགས་ཡོད།དེར་བརྟེན་བཅོམ་ལྡན་འདས་ཀྱི་དོན་སྤྱོད་པ་དང་དོན་མཐུན་པ་ཞེས་བསྡུ་བ་རྣམ་པ་བཞི་གསུངས་ཡོད། སྙན་པར་་བའི་གཏམ་འཆད་དེ། དོན་སྤྱོད་པ་ཡི་ལྷག་པར་དུ། དོན་སྤྱོད་དོན་མཐུན་བསྒྲུབ་པ་ཡིན་ཞེས་གསུངས་པ་ལྟར་རེད། མི་ལ་བཟང་པོའི་བསླབ་བྱ་བརྒྱབ་པ་དེ་བཞིན་དུ་སོ་སོ་རང་ཉིད་ཀྱིས་བསླབ་བྱ་དེ་ལག་ལེན་དུ་བསྐྱལ་དགོས་པ་རེད་མ་གཏོགས་སོ་སོ་རང་ཉིད་ཀྱིས་ལག་ལེན་གང་ཡང་མེད་པར་ཁ་སྟོང་བཤད་ཅིག་མི་ལ་བཤད་བསྡད་ན། མིས་ཡིད་ཆེས་ཡོང་གི་མེད་ལ་ཕན་གྱི་ཡང་མ་རེད།
དེར་བརྟེན་རྣམ་པ་ཚོས་ད་ལྟ་ཧུར་ཐག་གནང་ཡོད་པ་རེད་ལ་ད་དུང་ཡིན་ཡང་ཧུར་ཐག་གནང་རོགས་ཞེས་བརྗོད་རྒྱུ་ཡིན། དེ་བཞིན་ཁྱེད་རང་ཚོ་ཚང་མ་མཐུན་པོ་བྱེད། ནད་གཅོང་ལྟ་བུ་དང་ལྷག་པར་ཁྱིམ་ཚང་སྐྱོ་པོ་དེ་འདྲར་དཀའ་ངལ་འཕྲད་སྐབས་ཁྱེད་རང་ཚོ་གཅིག་གིས་གཅིག་ལ་རོགས་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། ཕྱག་མཆོད་འབུལ་ཞེ་དྲག་གང་ཡང་བྱེད་རྒྱུ་མ་བྱུང་ནའང་། སེམས་པ་བཟང་པོ་བྱས་ཏེ་སྐྱོ་བ་དེ་དག་ལ་རོགས་བྱས།དཀའ་ངལ་འཕྲད་མཁན་ཚོར་སེམས་གསོ་གཅིག་ལས་མ་བྱུང་ཡང་བཏང་སྟེ་རོགས་པ་བྱས་ན། ཕན་པའི་བསམ་པའི་དེ་བྱེད་ཀྱི་ཡིན་ན། བསོད་ནམས་ཆེན་པོ་གསག་གི་རེད་མཆོད་འབུལ་དེ་ཡིན། དེ་མིན་ནད་པ་ཛ་དྲག་དེ་འདྲ་མང་པོ་ཞིག་ངོས་རང་ཐུག་པར་ཡོང་མཁན་འདུག དེ་ཚོའི་གྲས་ཏེ་དང་པོ་ནས་སྔོན་འགོག་བྱེད་རྒྱུ་ནི་གལ་ཆེན་པོ་རེད། དང་པོ་ན་ཚ་ཆུང་ཆུང་ཡོད་སྐབས་ལྷོད་གཡེང་དུ་བཏང་། གང་མཚམས་ནས་ཛ་དྲག་པོ་ཆགས་སྐབས་ལྷ་དང་ཀླུ་ཞུས་ནས་ཨེ་དྲག དེ་བཞིན་བླ་མ་ཞུས་ནས་ཨེ་དྲག དེ་ཞུས་ཚར་པ་དང་གང་ཡང་ཕན་མ་བྱུང་ཞེས། རྗེས་ལ་ཁ་ཡང་གཏོང་ཚད་ཚད་བྱས་ན་ཆོ་མི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨོན་ལམ་བརྒྱབ་ནས་ན་ཚ་དྲག་གི་རེད་ཅེས་གསུངས་ཀྱི་མེད། སྨན་བཅོས་བྱེད་དགོས་པ་རེད་ཅེས་གསུངས་ཀྱི་འདུག འདུལ་བའི་གཞུང་ནང་ལའང་སྨན་བཅོས་བྱེད་སྟངས་ཀྱི་སྐོར་མང་པོ་གསུངས་འདུག དེར་བརྟེན་ང་ཚོས་སྨན་བཅོས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག ཕྲན་བུ་ཞིག་མི་བདེ་བ་ཡོད་སྐབས་ལྷོད་གཡེང་དུ་མ་བཏང་བར་ཡིན་གཅིག་མིན་གཅིག་སྨན་པ་བསྟེན་དགོས། བོད་པའི་སྨན་དེ་ཡང་ཧ་ཅང་ཡག་པོ་འདུག ནད་སྔོན་འགོག་ལ་བོད་པའི་སྨན་དེ་ཧ་ཅང་ཡག་པོ་རེད་འདུག དེ་བཞིན་དེང་དུས་ཕྱི་རྒྱལ་གྱི་སྨན་བཅོས་བྱེད་རྒྱུ་དེ་དག་བྱས་ཏེ། གང་ལྟར་དུས་ཐོག་ཏུ་སྨན་བཅོས་བྱེད་རྒྱུ་ནི་གལ་ཆེན་པོ་རེད། གཞན་གནས་ཚུལ་ཛ་དྲག་དང་ཐབས་སྐྱོ་པོ་བཅོས་སུ་མེད་པ་ཆགས་ཚར་སྐབས། བྱེད་རྒྱུ་གང་ཡང་མི་འདུག ནད་པ་སོ་སོ་སྡུག་ལ་རོགས་པ་ཚོར་དཀའ་ངལ་ཆེ་བ་དེ་འདྲ་རེད།
ཁྱེད་རང་ཚོ་ཚང་མས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ང་ཚོ་ཕྱི་ལོགས་སུ་བཙན་བྱོལ་དུ་ཡོད་པ་དེ་དག་གི་འབོར་དེ་གང་ཙམ་ཡར་བསླེབ་ཀྱི་ཡོད། ད་དུང་མང་དུ་འགྲོ་གི་རེད། དེ་ཚོའི་གྲས་ཕྱི་རྒྱལ་དུ་བསླེབས་ཀྱང་ང་ཚོ་བོད་པའི་རྣམ་པ་ཟིན་ཐུབ་པ་ཞིག་དང་། བོད་མིའི་སྙིང་སྟོབས་ Tibetan Spirit གཏན་པོ་བྱས་ནས་བཟུང་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ལོ་གཅིག་གཉིས་ཀྱི་སྐད་ཆ་མ་རེད། ད་དུང་ལོ་ཁ་ཤས་ག་ཚོད་འགོར་བ་ཡིན་ནའང་། དེའི་རིང་ལ་སོ་སོ་ས་གནས་ག་པར་ཡོད་རུང་ཧྲ་ཏག་ཏག་བྱེད་ཐུབ་རྒྱུ་ཞིག དཔེར་ན།ཇིའུ་ཤི་མི་རིགས་དེ་དག་གིས་གང་འདྲ་བྱེད་ཀྱི་འདུག ཧ་ལས་པའི་ཁོང་ཚོས་ཚགས་ཚུད་པོ་བྱས་ཏེ་སྡོད་ཀྱི་འདུག དེ་ཚོར་དཔེ་ལྟ་རྒྱུ་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་བྱེད་རོགས། བཀྲིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་ཟབ་མོ་སྩལ་ཡོད།དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཁ་བསྒྱུར་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་གིས་བོད་མི་ཚོར་བཙན་བྱོལ་བོད་གཞུང་གི་ལས་བསྡོམས་དང་བོད་རྒྱལ་འབྲེལ་མོལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ལག་གནང་ཕྱོགས་དང་འབྱུང་འགྱུར་གྱི་བཀའ་ཁྲི་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད་ངོ་སྤྲོད་གནང་ཡོད་པ་བཅས།