༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་ཧན་ཊར་གཙུག་ལག་སློབ་ཁང་གིས་སྲིད་འཛིན་རྟགས་མ་དེ་བཞིན་འབུལ་ལམ་ཞུས་ཡོད་པ་དང་། དེ་རྗེས་ཤེས་ཡོན་དང་ཆོས། བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཀྱིས་ཨ་རིའི་གཙུག་ལག་སློབ་ཁང་གྲགས་ཅན་ཁག་གི་གཙུག་ལག་སློབ་དཔོན་རྣམས་དང་། གཞན་ཡང་ཨ་རིའི་མི་སེར་ཡིན་པ་རྒྱ་རིགས་ཤེས་ཡོན་མི་སྣ་ ༦༠ ཙམ་འདུ་འཛོམ་བྱུང་བའི་ལྷན་ཚོགས་སུ་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་ཧན་ཊར་གཙུག་ལག་སློབ་ཁང་གི་ཚོགས་ཁང་ཆེན་མོའི་ནང་རྒྱ་བོད་མི་རིགས་མཛའ་འབྲེལ་ཟམ་པའི་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་རྒྱ་ནག་ནས་ཡིན་པའི་ཨ་རིའི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་ཁང་ནང་སློབ་གཉེར་བྱེད་བཞིན་པའི་སྐུ་ཞབས་ལིང་ཛི་ཀོང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་བ་དང་སྦྲགས་གསུང་དོན། ལྷན་ཚོགས་འདིར་སློབ་མ་གྲངས་ ༢༣༠ ཙམ་ལྷན་ཞུགས་བྱས་ཡོད་པ་ནས་ཕྱེ་ཀ་ཙམ་རྒྱ་རིགས་དང་བརྒྱ་ཆ་ ༤༠ ཙམ་བོད་རིགས་ཡིན་པ་མ་ཟད། གསུང་བཤད་གནང་མཁན་ཁག་གཅིག་ཆེད་མངགས་རྒྱ་ནག་ནས་ཕེབས་ཡོད་ཅེས་སོགས་ཀྱི་གསུང་བཤད་གྲུབ་མཚམས་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་འཆང་གནང་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན།
གཞི་རིམ་གྱི་གནས་སྟངས་ཐོག་ནས་བརྗོད་ན་དཀའ་ངལ་དེ་སུ་ལའང་མི་དགོས་པ་ཞིག་རེད། འོན་ཀྱང་དཀའ་ངལ་འཕྲད་སྐབས་དངོས་ཡོད་གནས་ཚུལ་ཇི་ཡིན་མ་ཤེས་པར་སེམས་ཆགས་སྡང་བློའི་གཞན་དབང་དུ་སོང་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་ཐབས་ལམ་དེ་ནོར་བ་ཞིག་ཡིན།
རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོས་ཀྱང་མིའི་དགོས་དོན་སྙིང་པོ་དེ་ཕྱི་དངོས་པོའི་ཁེ་ཕན་གཅིག་པུ་མིན་པ་དེ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད། རྒྱ་ནག་དེ་འཛམ་གླིང་ནང་མི་འབོར་མང་ཤོས་ཆགས་ཡོད་པས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཡིད་ཆེས་བྱེད་ཐུབ་པ་ཞིག་ཡོང་བ་བྱེད་དགོས་ཞེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཡོ་པང་གིས་ལྐོག་ཏུ་བོད་ནང་ལས་བྱེད་པ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་འདྲ་ཡོད་མིན་འཚོལ་ཞིབ་ཀྱིས་ཁོང་ལ་བརྡ་ལན་སྤྲོད་དགོས་པ་བརྗོད་ཡོད་པ་མ་ཟད། ཁོང་རང་ཉིད་མཐར་བོད་ནང་གཞུང་འབྲེལ་གྱི་མཚམས་གཟིགས་སུ་ཕེབས་ཡོད།
དེ་བཞིན་ཉེ་ལམ་རྒྱ་ནག་གི་སྲིད་བློན་ཝུ་ན་ཅ་པའོ་མཆོག་གིས་སྐུ་ཞབས་ཧུའུ་ཡོ་པང་གིས་དངོས་ཡོད་གནས་ཚུལ་འཚོལ་ཞིབ་བྱེད་རྒྱུའི་ལངས་ཕྱོགས་བཟུང་ཡོད་པའི་གནས་ཚུལ་ཆེད་རྩོམ་ཞིག་ནང་ཐོན་ཡོད།
བོད་ནང་རྒྱ་ཁྱབ་ཐོག་དངོས་ཡོད་གནས་ཚུལ་ཇི་ཡིན་ཞིབ་བཤེར་གྱི་ལས་གཞི་ཞིག་སྤེལ་དགོས་པ་ཆགས་ཡོད་པ་མ་ཟད། ཞིབ་བཤེར་གྲུབ་མཚམས་གལ་ཏེ་ངོས་ཀྱི་བརྗོད་པ་དེ་དག་དྲང་བདེན་མིན་པ་ཞིག་ར་འཕྲོད་བྱུང་ན་ངོས་ཀྱི་དགོངས་སལ་ཞུ་ཆོག ཅི་སྟེ་བོད་ནང་དཀའ་ངལ་ཡོད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ན་དེ་ལ་གཞིགས་པའི་དཀའ་ངལ་དེ་དག་སེལ་རྒྱུའི་འབད་བརྩོན་གནང་དགོས་པ་ཆགས་ཡོད་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་བོད་ནས་བོད་མི་གསར་འབྱོར་བ་ཞིག་གིས་བོད་ནང་རྒྱ་ནག་གཞུང་འཛིན་པ་ཚོས་བོད་ཀྱི་ཆོས་དང་ལེགས་བྱང་རྩ་མེད་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་བ་མ་ཟད། བོད་མི་དེས་༸གོང་ས་མཆོག་གི་མཇལ་ཁ་རྡ་རམ་ས་ལར་ཞུ་འདོད་མེད་ཚུལ་བརྗོད་བྱུང་། གང་ཡིན་ཞུས་ན་དེར་རྒྱ་ནག་གཞུང་གི་གསང་མྱུལ་བ་མང་པོ་ཡོད་ཚུལ་བརྗོད་བྱུང་། ང་ཚོར་སྦས་གསང་བྱེད་དགོས་པ་གང་ཡང་མེད་སྟབས་རྒྱ་ནག་གཞུང་གི་གསང་མྱུལ་བ་ཚོར་ཕེབས་བསུ་ཡོད་ཅེས་བཀའ་སྩལ་ཡོད། དེ་བཞིན་བོད་རྒྱ་འབྲེལ་མོལ་སྐོར་ལ་བཀའ་སློབ་སྩལ་ཡོད་པའི་ནང་། རྒྱ་ནག་དཔོན་རིགས་ཚོས་བོད་ཀྱི་གནད་དོན་ཟེར་བ་ངོས་ལེན་མ་བྱས་པར་དཀའ་ངལ་དེ་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ལ་ཐུག་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། བོད་རྒྱ་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་ཅེས་བཀའ་སྩལ། དེ་བཞིན་ཕྱི་ལོ་ ༡༩༨༠ ལོར་བོད་ནང་སྐུ་ཚབ་གཟིགས་སྐོར་ཕེབས་མཁན་ཚོར་རྒྱ་ནག་གཞུང་གིས་ངོས་རང་བོད་དུ་ཕྱིར་ལོག་བྱེད་རྒྱུའི་མཚོན་དོན་ཚན་ལྔ་ཅན་གྱི་ཡིག་ཆ་ཞིག་ངོས་ལ་སྤྲད་བྱུང་ཡང་ངོས་ཀྱིས་དེར་ངོས་ལེན་བྱས་མེད། གང་ཡིན་བརྗོད་ན་བོད་ཀྱི་དཀའ་ངལ་དེ་བོད་མི་ས་ཡ་དྲུག་གི་དཀའ་ངལ་ཞིག་ཡིན་ཞེས་སོགས་ཀྱི་བཀའ་སློབ་གྲུབ་མཚམས།
༸གོང་ས་མཆོག་ (Radio City Music Hall) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ (Healing the Divide) ཞེས་པའི་ཚོགས་པ་དང་། བོད་ཀྱི་ཐེབས་རྩས་གོ་སྒྲིག་ཞུས་པའི། བདག་མེད་པའི་བློ་སྐྱེས་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་ཚོགས་པའི་ལྷན་ཚོགས་སུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་བཅས།