ཟླ་བ་ ༤ ཚེས ༡༩ ༢༠༡༠

༄༅། །ཀུན་གྱིས་མཁྱེན་གསལ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིག་པ་ཚབས་ཆེན་བྱུང་སྟེ་མི་གྲངས་ཧ་ཅང་མང་པོར་སྲོག་སྐྱོན་དང་། དེ་བས་ཆེས་མང་བར་རྨས་སྐྱོན། ཐ་ན་སྡོད་ཁང་ཡན་གྱི་མཁོ་རྒུའི་ཡོ་ཆས་རྩ་བརླག་ཏུ་སོང་སྟེ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱངས་དང་མྱོང་བཞིན་པ་དེ་དག་ལ་རང་དབང་རྒྱལ་ཁབ་ཁག་ཏུ་གནས་པའི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་ཕན་གྲོགས་རོགས་སྐྱོར་གང་ཐུབ་ཞུ་དགོས་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན་པ་བརྗོད་མ་དགོས་ཤིང་། དེ་སྔོན་བོད་དུ་འབྱུང་བའི་གནོད་འཚེ་གོད་ཆགས་བྱུང་སྐབས་རྣམས་སུ་བཙན་བྱོལ་བོད་མི་སྒེར་དང་། སྒྲིག་འཛུགས་ཁག་སོ་སོས་བརྒྱུད་ལམ་འདྲ་མིན་ནས་མཐུན་འགྱུར་རོགས་སྐྱོར་ཞུས་ཡོད་ཀྱང་། བཙན་བྱོལ་བོད་མི་ཚང་མས་མཉམ་རུབ་ཀྱིས་ཉེན་སྐྱོབ་ངལ་སེལ་ལས་གཞི་སྤེལ་ཐུབ་པ་བྱུང་མེད། སྐབས་མཚམས་སོ་སོར་དེ་འདྲའི་ལས་གཞི་ཞིག་སྤེལ་གལ་ཆེ་བའི་ཚོར་སྣང་གཞིས་བྱེས་བོད་མི་མང་པོར་བྱུང་ཡོད་ཀྱང་སྣེ་ཁྲིད་འགན་ཁུར་བྱེད་མཁན་མ་བྱུང་བས་དེ་མུར་ལུས། ད་ལམ་ལྷ་སར་གནས་བཞུགས་སྒ་སྐྱེ་རྒུ་མདོ་པའི་ན་གཞོན་རྣམས་ཀྱིས་མ་སྐུལ་དྭང་བླང་ཐོག་ ༤།༡༤ ཡུལ་ཤུལ་ས་ཡོམས་གདུང་སེལ་ཚོགས་ཆུང་ ༤་༡༤ (4-14 Yushu Earthquake Charity Committee) ཞེས་པའི་སྡེ་ཚན་ཞིག་གསར་འཛུགས་དང་འབྲེལ། ས་ཁུལ་རང་དུ་མི་རྒྱུ་གཉིས་ཐོག་ནས་མཐུན་འགྱུར་རོགས་སྐྱོར་བྱེད་ཐུབ་པའི་ཐབས་ཤེས་བྱ་རྒྱུའི་ཆོད་སེམས་ཀྱིས་འདི་གར་ཡང་རེ་སྐུལ་འབྱོར་དོན་བཞིན། ད་རེས་ཁོ་ཚོའི་རང་འགུལ་གྱི་འབད་རྩོལ་ལ་བཙན་བྱོལ་བོད་མི་ཡོངས་ཀྱིས་མཉམ་རུབ་ཐུབ་ན་གཞིས་བྱེས་གཉིས་ཀར་འཕྲལ་ཡུན་ཀུན་ཏུ་དགེ་མཚན་ཆེ་བ་ཡོང་རེ་མཐོང་སྟེ་བཙན་བྱོལ་བོད་གཞུང་གིས་འབྲེལ་མཚོན་མཐུན་འགྱུར་ཡང་ཁོ་ཚོའི་བརྒྱུད་འབུལ་རྒྱུ་ཐག་གཅོད་བྱས་པ་དང་འབྲེལ་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་དང་། དགོན་སྡེ་བླ་བྲང་། མཉམ་འབྲེལ། དགེ་རྩ་ཁག སྒེར་ཁག་སོགས་ཚང་མས་བློས་བཅད་དངོས་དངུལ་གྱི་མཐུན་འགྱུར་ཅི་འོས་གོང་གསལ་ཚོགས་ཆུང་ལ་གནང་ཐབས་བྱུང་ན་དགེ་མཚན་ཆེ་བས་དེ་དོན་བཙན་བྱོལ་བོད་མི་ཡོངས་ཀྱི་དགོངས་དབྱིངས་སུ་མངའ་བ་ཞུ།

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༩ ལ།།

Share with your friends










Submit