༢༠༡༠ ཕྱི་ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡ ཉིན་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམས་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་དང་། ཐོག་མར་༸གོང་ས་མཆོག་ལ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་གནད་དོན་རྣམས་སྙན་སྒྲོན་ཞུས་ཡོད་ཅིང་། དེ་རྗེས་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་གཉིས་ལ་སྙན་སེང་ཞུས་ཡོད། ཕྱིི་ཟླ་ ༢ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་མཆོག་རྣམ་པ་གཉིས་དང་ཁོང་རྣམ་པའི་ལས་རོགས་རྒན་གྲས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ་ལགས་དང་། བུ་ཆུང་ཚེ་རིང་ལགས། དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་བཅས་ཀྱིས་སྤྱི་ཐབ་ཚོགས་ཁང་དུ་རྒྱལ་སྤྱིའི་གསར་འགོད་ལྷན་འཛོམས་སྐབས་ཐོག་མར་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསར་འགོད་པ་ཚོར་འཚམས་འདྲི་གནང་བ་དང་སྦྲགས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་གསར་འགོད་གསལ་བསྒྲགས་དབྱིན་སྐད་ཐོག་ཡོད་པ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་སྒྲོགས་སྱང་གནང་ཡོད། དེ་རྗེས་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་ཀྱི་གནད་དོན་དང་འབྲེལ་བའི་སྐོར་རྒྱལ་སྤྱི་དང་རང་རིགས་གསར་འགོད་པ་སོགས་ཁྱོན་མི་གྲངས་ལྔ་བཅུ་བརྒལ་བ་རྣམས་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་རྗེས་གསར་འགོད་པ་ཁག་གཅིག་གིས་སྐུ་ཚབ་རྣམ་པར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དང་འབྲེལ་བའི་ཐོག་དྲི་བ་མང་དག་ཅིག་བཀོད་ཡོད་པ་རྣམས་ལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་དྲིས་ལན་ལྷུག་པོར་གནང་ཡོད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་