༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ནུབ་བྷང་ག་ལའི་རྒྱལ་ས་ཀོལ་ཀ་ཏར་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་གསར་འགོད་པ་ཚོས་༸གོང་ས་མཆོག་ལ་དེང་སྐབས་རྒྱ་ནག་དང་ཨ་རི་དབར་གྱི་འབྲེལ་བ་དམ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ནང་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་གནས་བབ་བཅས་ལ་གཞིགས་པའི་ཐོག་བོད་ལ་རང་སྲིད་རང་སྐྱོང་ཐོབ་རེ་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་ཕེབས་དོན། རྒྱ་ནག་དམར་པོའི་གཞུང་དེ་ཅང་ཙེེེ་མིན་གྱིས་སྲིད་དབང་བཟུང་བ་ནས་རྒྱལ་ཁབ་ཀྱི་ལྟ་གྲུབ་ལས་དཔལ་འབྱོར་གལ་ཆེ་བར་གྱུར་ཡོད་སྟབས། རང་སྲིད་རང་སྐྱོང་གི་ཁེ་དབང་ཐོབ་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་སྩལ་ཡོད། ཡང་གསར་འགོད་པ་ཚོས་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གི་ཨོ་ལེམ་པིཀ་རྩེད་འགྲན་ཆེན་མོར་མང་ཚོགས་ཀྱི་བསམ་ཚུལ་ཇི་ཡོད་བསྡུ་རུབ་བྱས་པར་ལོ་དྲུག་གི་དུས་བཀག་བཙོན་འཇུག་བྱས་པའི་གནས་སྟངས་སོགས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱ་ནག་མི་མང་རྣམས་ཀྱིས་དངོས་ཡོད་གནས་སྟངས་ཤེས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག ཉེ་དུས་རྒྱ་ནག་གི་ཤེས་ལྡན་པའི་ཁྲོད་དུའང་བོད་མིའི་གནས་སྟངས་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཀའ་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀོལ་ཀ་ཏར་ཆིབས་སྒྱུར་བསྐྱངས་དོན་གཙོ་བོ་ནི་ཁུལ་དེར་རྟེན་གཞི་བྱས་པའི་བུ་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོོང་མཁན་གྱི་དགེ་རྩ་ཚོགས་པ་ (Ladies Study Group Charitable Trust ) ཞེས་པའི་ལོ་འཁོར་དུས་ཆེན་གྱི་ཐོག་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཞི་བདེ་བསྐྲུན་ཐབས་ཀྱི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། མང་ཚོགས་ཀྱི་དོགས་དྲིར་བཀའ་ལན་ཟབ་མོ་སྩལ་ཡོད། ཚོགས་པ་དེས་འདི་ལོའི་ལོ་འཁོར་བྱ་དགའ་དེ་ཡང་ཤེས་ཡོན་གྱི་གོ་སྐབས་ཞན་པའི་ཕྲུ་གུ་ཚོར་ལག་རྩལ་གྱི་སྦྱོང་བརྡར་སྤྲོད་མཁན་གྱི་ཚོགས་པ་ལྷི་ཤ་(Disha) ཞེས་པར་གསོལ་རས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།