༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་ཆོལ་ཁ་གསུམ་ནང་སྔ་ལོའི་ཞི་རྒོལ་ཆེན་མོའི་སྐབས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གྱི་ཁོངས་ནས་དཀར་མཛེས་ཁུལ་གྱི་བོད་མི་རྒྱལ་གཅེས་པ་བཞི་རྡ་ས་བཞུགས་སྒར་སྣེ་ལེན་ཁང་དུ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཕེབས་འབྱོར་བྱུང་རྗེས་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནས་རྒྱལ་གཅེས་པ་ཁོང་རྣམས་ལ་འབྲེལ་གཏུགས་ཞུས་ཐོག་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་གངས་སྐྱིད་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་གནང་བའི་ཐོག་མར་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་ཁོང་རྣམས་པའི་ལོ་རྒྱུས་དང་སྦྲགས་ངོ་སྤྲོད་འགྲེལ་བརྗོད་གནང་།
དེ་ཡང་རྒྱལ་གཅེས་པ་སྐུ་ཞབས་ཚེ་རིང་འགྱུར་མེད་ལགས་ནི་སྐྱེས་ཡུལ་དཀར་མཛེས་རྫོང་ལྷོ་པ་ཤང་། ཕུག་ཡུལ་ཕ་རི་ཚང་དུ་ ༡༩༨༥ ལོར་སྐྱེས་ཏེ་ད་ལྟ་རང་ལོ་ ༢༤ ཡིན་འདུག་པ་དང་། ཁོང་གིས་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་བྱས་ཐོག་རྒྱ་གཞུང་གི་དྲག་སྤྱོད་ལ་མི་བཟོད་པར་ཉིན་དེའི་དགོང་མོར་རང་ཉིད་ཀྱི་སྐྱེས་ཡུལ་དང་ཁ་གྱེས་ཏེ་ལོ་གཅིག་དང་ཟླ་བ་གསུམ་ཙམ་རིང་རི་དང་ཤིང་ནགས་སོགས་བརྒྱུད་གབ་ཡིབ་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཐོག་མཐར་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་། དེ་ནས་རིམ་པས་རྡ་ས་བཞུགས་སྒར་དུ་འབྱོར་ཏེ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ཁག་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱལ་གཅེས་པ་མགོན་པོ་ལགས་ནི་མདོ་ཁམས་ཤར་ཕྱོགས་དཀར་མཛེས་རྫོང་སེ་ངོ་ཤང་ཀ་རྡོག་གྲོང་དུ་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཏེ་ད་ལྟ་རང་ལོ་ ༤༡ ཡིན་འདུག་དང་། དུས་རྒྱུན་ནས་ཡུལ་མིར་སྣེ་ཁྲིད་དེ་རང་ཉིད་ཀྱི་ཚོང་ཞོར་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་བརྟན་གསོག་སྒྲུབ་དང་། དེ་བཞིན་ཁོ་རང་གི་ནུས་འཇོན་བཞིན་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་དཀའ་བ་མི་ཉུང་བ་ཞིག་སྤྱད་མྱོང་བ་དང་། ཁོང་ནི་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་བྱས་ཐོག་རྒྱ་གཞུང་གི་དྲག་སྤྱོད་ལ་མི་བཟོད་པར་ཉིན་དེའི་དགོང་མོར་རང་ཉིད་ཀྱི་སྐྱེས་ཡུལ་དང་ཁ་གྱེས་ཏེ་ལོ་གཅིག་དང་ཟླ་བ་གསུམ་ཙམ་རིང་རི་དང་ཤིང་ནགས་སོགས་བརྒྱུད་གབ་ཡིབ་བྱེད་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཐོག་མཐར་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་། དེ་ནས་རིམ་པས་རྡ་ས་བཞུགས་སྒར་དུ་འབྱོར་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་འབྲེལ་ཡོད་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་ཚེ་དབང་དོན་གྲུབ་ལགས་ནི་ལྕོག་རི་སྒོ་རོང་གྲོང་སྡེར་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཏེ་ད་ལྟ་རང་ལོ་ ༣༩ ཡིན་འདུག ཁོང་ནི་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༢༤ དཔལ་ལྡན་ལྕོག་རི་དགོན་དང་། ངང་སྒོང་བཙུན་མ་སོགས་སེར་སྐྱ་མི་མང་མང་པོ་ཞིག་དང་མཉམ་ཞུགས་ཐོག་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་བརྟེན་རྒྱ་གཞུང་དྲག་ཆས་དམག་མིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩབ་ཆེན་པོས་མེ་མདའ་དང་། ལྕགས་རྒྱུག གློག་རྒྱུག་སོགས་དེང་དུས་ཀྱི་མཚོན་ཆ་སྣ་ཚོགས་བོད་མི་ཞི་རྒོལ་བའི་ཁྲོད་བེད་སྤྱོད་བཏང་རྐྱེན་དགེ་འདུན་པ་གཅིག་ལ་མེ་མདའ་ཕོག་སྟེ་ཤི་གསོན་མ་ངེས་པར་ལུས་པ་དེ་སྐྱོབ་ཆེད་འཁྱེར་འགྲོ་སྐབས་ཁོ་རང་ལའང་མཁལ་མའི་གཡོན་དུ་མེ་མདའ་བརྒྱབ་ཡོད་པ་དང་། དེ་བཞིན་ལག་གཡོན་མའི་གྲུ་མོར་མེ་མདའ་བརྒྱབ་སྟེེ་ཁོང་རང་ཡང་དྲན་པ་ཐོར་དགོས་བཟོས་སྐབས་སྤུན་མཆེད་བློ་བཟང་ཐུབ་བསྟན་སོགས་ཀྱི་རོགས་རམ་ལ་བརྟེན་ནས་གསང་བའི་ཐོག་གྲོང་མི་ཞིག་གི་ནང་དུ་བཞག་སྟེ་དུས་ཚོད་ཏོག་ཙམ་འགྲོ་སྐབས་དྲག་ཆས་དམག་མི་ཡོང་གི་ཡོད་པ་གོ་ཐོས་བྱུང་འཕྲལ་ཉིན་དེ་ནས་རི་ལ་བྲོས་བྱོལ་ཕྱིན་ཏེ་ལོ་གཅིག་དང་ཟླ་བ་གསུམ་ཙམ་རིང་སྨན་བཅོས་སོགས་མེད་རྐྱེན་དཀའ་སྡུག་ཚད་ལས་འདས་པ་མྱངས་ཏེ་མཐར་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་། དེ་ནས་རིམ་པས་རྡ་ས་བཞུགས་སྒར་དུ་འབྱོར་རྗེས་རྒྱ་གཞུང་ནས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་དང་མི་སྤྱོད་ལས་འདས་པའི་དྲག་སྤྱོད་སོགས་དངོས་ཡོད་ཀྱི་གནས་ཚུལ་ཁག་གསར་འགོད་པར་འགྲེལ་བརྗོད་གནང་ཡོད།
རྒྱལ་གཅེས་པ་བློ་བཟང་ཐུབ་བསྟན་ལགས་ནི་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཏེ་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོང་ནི་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༢༤ དཔལ་ལྡན་ལྕོག་རི་དགོན་དང་། ངང་སྒོང་བཙུན་དགོན་སོགས་ཀྱི་སེར་སྐྱ་མི་མང་མང་པོ་ཞིག་དང་མཉམ་ཞུགས་ཐོག་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་མི་དགའ་བར་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་དྲག་ཆས་དམག་མིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩབ་ཆེན་པོས་མེ་མདའ་དང་། ལྕགས་རྒྱུག གློག་རྒྱུག་སོགས་དེང་དུས་ཀྱི་མཚོན་ཆ་སྣ་ཚོགས་བེད་སྤྱོད་ཀྱིས་བོད་མི་ཞི་རྒོལ་བའི་ཁྲོད་བེད་སྤྱོད་བཏང་རྐྱེན་ཁོང་གི་སྤུན་མཆེད་ཚེ་དབང་དོན་གྲུབ་ལ་མེ་མདའ་ཕོག་སྟབས་ཁོང་དང་རོགས་པ་འགའི་རོགས་སྐྱོར་ལ་བརྟེན་ནས་སྦག་སྦག་ཐོག་བཞག་སྟེ་བྲོས་བྱོལ་དུ་ཕྱིན་ནས་སྲོག་ཉེན་ལས་ཐར་ཙམ་བྱུང་ཡོད།
ཁོང་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཞི་རྒོལ་བ་སྲོག་ལས་སྐྱབས་ཏེ་བོད་མི་མང་གི་བདེན་དཔང་ཞིག་ཡོང་སླད་དཀའ་སྡུག་བཟོད་པར་དཀའ་བ་མྱངས་ཏེ་མཐར་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་དེ་ནས་རིམ་པས་རྡ་ས་བཞུགས་སྒར་དུ་འབྱོར་ཏེ་རྒྱ་གཞུང་གི་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཁག་དང་གདུག་རྩབ་སོགས་གསར་འགོད་པའི་མདུན་དུ་བདེན་དཔང་བྱས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།