ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །སྔ་ལོ་ཟླ་ ༥ པའི་ནང་སྟོད་དིང་རི་རྫོང་ཤེལ་དཀར་དགོན་པའི་དགེ་འདུན་པ་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས་དགེ་འདུན་པ་ཚོས་དང་ལེན་ཇི་བཞིན་མ་བྱས་པར་ངོ་རྒོལ་གྱི་གནས་ཚུལ་ཐོན་རྗེས་དགེ་འདུན་པ་གྲངས་ ༡༣ འཛིན་བཟུང་བྱས་པའི་ཁྲོད་ནས་དགེ་འདུན་པ་བཞི་ལ་དུས་ཡུན་ལོ་ ༡ དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། དགེ་འདུན་པ་གསུམ་མུ་མཐུད་བཀག་ཉར་བྱེད་བཞིན་པའི་ཁོངས་ནས་མཁྱེན་རབ་མཐར་ཕྱིན་བྱེད་གཏེ་བརྩིས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག་པ་དང་། དགེ་འདུན་པ་དྲུག་ཉེ་དུས་ཟླ་ ༡ ཚེས་ ༡༩ ཉིན་གློད་བཀྲོལ་བཏང་ཡོད། གློད་བཀྲོལ་བཏང་བའི་ཁོངས་ནས་དགེ་འདུན་པ་བློ་བཟང་སྦྱིན་པ་དེ་སྔ་ཆབ་སྲིད་གནད་དོན་གྱིས་རྐྱེན་པས་བཙོན་དུ་ཚུད་མྱོང་ཡོད་པར་བསྙད་དེ་དགོན་པའི་སྒྲིག་ཁོངས་ནས་ཕུད་དེ་རང་ཁྱིམ་དུ་ལོག་བཏང་ཡོད་འདུག དགོན་པར་རང་འཇགས་བཅུག་པའི་དགེ་འདུན་པ་དེ་དག་གི་ཁྱིམ་བདག་སོགས་ནས་ཁག་ཐེག་འགན་ལེན་བྱེད་དུ་བཅུག་སྟེ་སླར་ཡང་གནས་ཚུལ་དེ་ལྟར་མི་ཡོང་བའི་འགན་ལེན་ས་རྟགས་བཀོད་བཅུག་པ་མ་ཟད། ས་གནས་གང་སར་གང་བྱུང་དུ་འགྲོ་བསྐྱོད་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། དེ་མཚུངས་ཤེལ་དཀར་དགོན་པ་སྤྱིར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་ཐོན་འདུག