ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་། རྒྱ་གར་གྱི་ས་ཁུལ་ཁག་ཅིག་ནང་ཆིབས་སྒྱུར་བསྐྱངས་ཏེ་ཚེས་ ༡༠ སྔ་དྲོ་རྒྱ་གར་ཡུ་པིའི་མངའ་སྡེའི་མི་རུ་ཌེ་ (Meerut) ཁུལ་དུ་ཡོད་པའི་ཀལ་ཡན་ནམ་ཀ་རོ་ཊིའི་ (Kalyanam Karoti) མིག་གི་སྨན་ཁང་ནས་གསར་འཛུགས་གནང་བའི་མིག་གཤག་བཅོས་སྨན་ཁང་དབུ་འབྱེད་གནང་བ་དང་། མི་མང་ལ་བཀའ་སློབ་བཀའ་དྲིན་བསྐྱངས་གྲུབ་རྗེས་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་ལྡི་ལི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་གཟིམ་ཆུང་དུ་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༡༥ སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་དུ་༸ཞབས་སོར་འཁོད་སྐབས་ཕེབས་བསུར་བཀའ་བློན་ཁྲི་པ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་བཅར་ཏེ་ཕེབས་བསུ་དང་སྦྲགས་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཞོན། བཀའ་བློན་རྣམ་པ་བཅས་ནས་ཕེབས་བསུར་བཅར་བ་བཅས་ཀྱི་གནས་ཚུལ་དུ།