༢༠༡༤ ཟླ་ ༦ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ནང་༸གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད་དུ་ཆེད་བཅར་ཞུས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རིགས་མཐོ་རིམ་སློབ་གཉེར་བ་དང་ཕྱི་རྒྱལ་གྱི་མཐོ་སློབ་བཅས་མཐོ་སློབ་ཁག་ ༡༠༠ ལྷག་ཙམ་ནས་སློབ་ཕྲུག་དེབ་སྐྱེལ་བྱས་པ་ ༨༤༠ དང་། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ ༡༣༠༠། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ ༢༧༠། ཤེས་རིག་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་ཁག་ལྔ་ནས་སློབ་ཕྲུག་ ༩༢ བཅས་ཁྱོན་དགེ་ལས་སློབ་ཕྲུག་མི་གྲངས་ ༢༥༠༠ བརྒལ་བར་དོལ་རྒྱལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་འདུག

དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཧི་མ་ཅལ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ལྔ་ནས་བོད་དབྱིན་འབྲི་རྩོམ་དང་རི་མོ་འགྲན་བསྡུར་ཐོག་ཨང་ཀི་ཐོབ་མཁན་རྣམས་ལ་གསོལ་རས་གནང་གྲུབ་མཚམས། ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ལོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁྱེད་རང་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་སྩལ་གྱི་ཡོད། ཁྱེད་རང་ཚོར་༸གོང་ས་མཆོག་གི་བཀའ་སློབ་གསན་རྒྱུའི་གོ་སྐབས་ཐོབ་པ་དེ་ཧ་ཅང་བསོད་ནམས་ཆེན་པོ་རེད། གོ་སྐབས་འདི་མ་འཕྱུག་པའི་ཐོག་༸གོང་ས་མཆོག་གི་བཀའ་སྒྲུབ་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཏམ་བཤད་ཀྱི་ལས་རིམ་འདི་ལྟ་བུའི་བརྗོད་གཞི་རྣམས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དུས་ཚོད་ལ་འཚམ་པའི་བརྗོད་གཞི་བཞག་པ་ལྟར། ང་ཚོས་དེའི་ཐོག་གཏམ་བཤད་བྱེད་ཀྱི་ཡོད། དུས་རྒྱུན་ངས་སྐད་ཆ་ཤོད་སྐབས་འཚམ་རེ་རྩེད་མོ་རྩེ་གི་ཡོད། འོན་ཀྱང་དེ་རིང་གི་བརྗོད་གཞི་འདི་རྩེད་མོ་རྩེ་རྒྱུ་དེ་འདྲ་མིན། དེར་བརྟེན་ཁྱེད་རང་ཚོས་ཕྲན་བུ་བློ་སྒྲིམ་དགོས་པའི་གནས་སྟངས་ཤིག་ཆགས་སྲིད་པ་ རེད།

དེ་རིང་འདིར་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། ལྷག་པར་དགེ་བཤེས་རྣམ་པ་ཚོ་ཆོས་འབྲེལ་དང་འབྲེལ། ཁྱེད་རང་ཚོར་བགྲོ་གླེང་དང་གོ་རྟོགས་སྤེལ་རྒྱུའི་ཆེད་མཉམ་ཞུགས་གནང་གི་ཡོད། དེ་བཞིན་གོ་སྒྲིག་གནང་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རེད། བོད་ཕྲུག་ཁྱིམ་སྡེའི་དབུས་སྤྱི་ཁྱབ་དང་ཁྱབ་ཁོངས་སུ་གཏོགས་པའི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་། འབྲེལ་ཡོད་དགེ་རྒན་རྣམ་པ་ཚང་མ་ཕེབས་ཡོད། ཁྱེད་ཚོ་རྡ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཁག་ལ་དམིགས་བསལ་གོ་སྐབས་བཟང་པོ་ཞིག་ཐོབ་ཀྱི་ཡོད། སློབ་གྲྭ་གཞན་ཁག་ལ་གོ་སྐབས་འདི་ཐོབ་རྒྱུ་མེད། འོན་ཀྱང་སྡིངས་ཆ་འདི་བེད་སྤྱོད་བཏང་པའི་ཐོག་ནས་སློབ་གྲྭ་གཞན་ཁག་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་བ་དེ་དག་དེང་སྐབས་འོད་སྡེར་ནང་བཟོ་བདེ་པོ་ཡོད་སྟབས། དྲ་རྒྱ་བརྒྱུད་ནས་ཡིན་རུང་གློག་བརྙན་བཟོས་ཏེ་སློབ་གྲྭ་ཁག་སོ་སོའི་ནང་དམིགས་སུ་བཀར་ནས་བསྟན་ཐུབ་ན་ཡག་པོ་ཡོད། འདི་གར་དངོས་སུ་ཕེབས་པའི་བོད་ཕྲུག་ཁྱིམ་བདེའི་སློབ་གྲྭ་ཁག་དང་། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་རྣམ་པ། གཞན་ཡང་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་མང་པོ་ཞིག་འདིར་ཕེབས་འདུག་པར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་ལ་གྱར་ཏེ་ལོ་ངོ་ ༥༥ ལྷག་ཙམ་འགྲོ་བཞིན་ཡོད། རྒྱ་ནག་གི་བཙན་འོག་ཏུ་ཚུད་ནས་ལོ་དྲུག་ཅུ་རེ་གསུམ་རེ་བཞི་འགྲོ་གི་ཡོད། ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཡོད། དེ་སྔ་འཕྲད་ཡོད་ལ་མ་འོངས་པར་ཡང་འཕྲད་ཀྱི་རེད། འདི་ནི་འགྲོ་སྟངས་ཤིག་ཀྱང་རེད། འོན་ཀྱང་ཕྱིས་སུ་ལོ་ངོ་བཅུ་བཅོ་ལྔའི་ནང་ང་ཚོས་བོད་དོན་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་གླེང་སྐབས།

ལྷག་པར་རྒྱལ་སྤྱིའི་ནང་རང་བཞིན་གྱི་རྒྱ་ནག་གི་གནོན་ཤུགས་ཧ་ཅང་ཤུགས་ཆེན་པོ་ཡོང་གི་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་གནད་དོན་འདི་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཕྱོགས་ཀྱི་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་ཀྱང་རྒྱ་ནག་གཞུང་ནས་ངོ་རྒོལ་བྱེད་རྒྱུས་མཚོན་བསྒྲགས་གཏམ་སྤེལ་རྒྱུ་ལྟ་བུ་འདི་རིགས་མང་པོ་ཞིག་ཡོང་གི་ཡོད། དེས་རྐྱེན་པས་ཁག་གཅིག་ལ་ཁོང་ཚོའི་བྱེད་སྟངས་དེས་དོན་དག་བསྒྲུབས་ཀྱི་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས་སྣེ་ལེན་ཞུ་རྒྱུས་མཚོན་གནད་ཡོད་མི་སྣ་ཚོས་མཇལ་ཁ་ཞུ་རྒྱུར་དོགས་ཟོན་བྱེད་མཁན་ཡང་རེ་ཟུང་ཡོང་གི་ཡོད།

འདི་ཚོ་ཁྱེད་རང་ཚོས་ནམ་རྒྱུན་ནས་གོ་བཞིན་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་གྱི་ཡོད་ པ་ལྟར། ང་ཚོས་ཀྱང་རྩེད་མོ་དང་སྦྲགས་ཤོད་ཀྱི་ཡོད། དེ་རིང་སྔ་དྲོ་༸གོང་ས་མཆོག་གིས་ངོས་རང་སྐད་གྲགས་ཆེན་པོ་ཆགས་རྒྱུ་དེ་རྒྱ་ནག་གི་བཀའ་དྲིན་རེད་ཅེས་བཀའ་སྩལ་བ་བཞིན། ང་རང་ཚོ་བོད་པ་རང་གིས་དངོས་སུ་བོད་དོན་ཁྱབ་བསྒྲགས་བྱེད་སྐབས་དེ་ཙམ་གྱིས་ཁྱབ་བསྒྲགས་ཡོང་གི་ཡོད་དམ་མེད་ཟེར་རྒྱུའི་གནད་དོན་གཅིག་རེད། འོན་ཀྱང་རྒྱ་ནག་གི་ངོ་རྒོལ་རེ་རེ་བྱས་རྗེས་རྒྱལ་སྤྱིའི་ཚགས་པར་ནང་མང་པོ་ཐོན་སྐབས། བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་དེ་ཡང་རྒྱ་ནག་གི་སྤེལ་གྱི་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད། གང་ལྟར་བོད་དོན་ལས་འགུལ་ཤུགས་ཆེ་རུ་འགྲོ་རྒྱུར་རྒྱ་ནག་གིས་དེར་ངོ་རྒོལ་བྱས་ཏེ་བོད་ཀྱི་གནད་དོན་འཛམ་གླིང་ནང་རྒྱ་ཆེར་འགྲོ་གི་ཡོད། གང་ལྟར་ལྟ་ཕྱོགས་འདྲ་མིན་ཡོད་པར་བརྟེན་གནད་དོན་འདི་ལྟ་བུ་ཡོང་གི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་གསོལ་རས་སྩལ་བའི་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤིག་ཡོད། ང་ཚོ་ལྟ་བུ་ཡིན་ན་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་མི་སྣ་མཇལ་འཕྲད་ལ་དོ་ཕོག་གཏོང་རྒྱུ་དང་གནོད་སྐྱོན་བཟོ་རྒྱུའི་ལས་གཞི་མང་པོ་ཞིག་རྒྱ་གཞུང་ནས་སྤེལ་གྱི་ཡོད། ང་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ན། ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་གོ་སྒྲིག་ཞུ་སྐབས་དེ་དུས་ཀྱི་ཚོགས་གཙོ་དང་སྤྱི་འཐུས་ལྷན་ཚོགས་ལ་གོ་སྐབས་བྱུང་བ་རེད། ལོ་དེར་ང་ཚོས་ཚོགས་ཆེན་དེ་སི་ཀོ་ཊི་ལེན་ཌིར་(Scotland) ཚོགས་པ་རེད། ཕྱི་ལོ་ ༢༠༠༩ ལོར་རོམ་(Rome) ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་ དང་། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་ Ottawa ཚོགས་པ་རེད། ཚོགས་ཆེན་སྐབས་རེ་རེའི་ནང་ང་ཚོས་གདན་ཞུ་བྱེད་སའི་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་འཛམ་གླིང་ནང་གི་གྲོས་ཚོགས་འཐུས་མི་དེ་ཚོའི་མིང་དང་ཁ་བྱང་དྲ་རྒྱ་ བརྒྱུད་ནས་རྐུ་མ་རྒྱག་རྒྱུས་མཚོན། ང་ཚོའི་འབྲེལ་བ་བྱེད་ས་གྲོས་ཚོགས་འཐུས་མི་གསར་པ་མི་རེ་ངོ་རེར་ཁ་པར་བཏང་བ་དང་གཞུང་ཚབ་ལ་སྐད་བཏང་བ་སོགས་བྱས་ཏེ་གནོན་ཤུགས་མང་པོ་ཞིག་སྤྲད་འདུག ཁྱེད་རང་ཚོ་བོད་པས་ཚོགས་ཆེན་སྐོང་པ་དེ་ཚོའི་ནང་ཅིའི་ཕྱིར་འགྲོ་གི་ཡོད། ཨུ་རུ་སུ་ཆ་བཞག་ན་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་རྣམས་ལ་ཁོང་ཚོའི་ཆབ་སྲིད་ཚོགས་པའི་ཚོགས་གཙོས་སྐད་བཏང་བ་དང་། རྒྱ་ནག་གཞུང་ཚབ་ནས་ཡི་གེ་བཏང་སྟེ། ཁོང་ཚོར་ཆེད་མངགས་ཕྱི་སྲིད་ལས་ཁུངས་ལ་སྐད་བཏང་ནས་མི་རེ་ངོ་རེར་རྡ་སར་ཕྱིན་ན་འགྲིག་གི་མ་རེད་ཅེས་སྡིགས་ར་བསྐུལ་བ་སོགས་བྱེད་ཀྱི་འདུག ཅེས་གསུངས་པ་དང་།

ལྷག་པར་ཚོགས་གཙོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ཐོག་གསུང་བཤད་གནང་དོན། བར་ལམ་ནས་བློ་ཕམ་པའི་གནས་ཚུལ་ཞིགལ་རྒྱལ་སྤྱིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་གྲགས་དང་མཛད་འཕྲིན་རྒྱས་བཞིན་ཡོད་པ་དེ་ཉམས་ཉེས་སུ་གཏོང་རྒྱུ་དང་རྒྱལ་སྤྱིའི་ནང་མཐོང་ཆུང་དུ་གཏོང་རྒྱུར། བོད་པ་ཤུགས་ལྡན་རྗེས་འབྲང་པ་ཁ་ཤས་ཤིག་དང་ཕྱི་རྒྱལ་གྱི་མི་སྣ་ནང་ཆོས་ཐོག་གོ་རྟོགས་མེད་མཁན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་ཕར་བཞག དོལ་རྒྱལ་ལྟ་བུ་དམ་སྲི་དང་གདོན་འདྲེར་སྐྱབས་བཅོལ་མཁན་གྱི་མི་དེ་དག་གིས་སྣེ་ཁྲིད་ནས་ལས་འགུལ་མང་པོ་ཞིག་སྤེལ་ཡོད། ན་ནིང་ང་ཨོ་སི་ཊོ་ལི་ཡར་འགྲོ་སྐབས་སྐུ་མདུན་གྱི་གསུང་ཆོས་གནང་སའི་ཚོགས་ཁང་ཆེན་པོ་དེའི་ཕྱི་ལོག་ཏུ་བོད་རིགས་གཉིས་གསུམ་དང་། རྒྱ་མི་རིགས་ལྟ་བུ་བུ་མོ་གཟུགས་ཆུང་ཆུང་དེ་འདྲ་བདུན་བརྒྱད་ཙམ་འདུག གང་ལྟར་འཕྲེད་དར་སྟེང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞལ་བརྫུན་མ་གནང་། (Dalai lama don’t lie) ཞེས་བྲིས་ཏེ་སྐད་འབོད་བྱས་པ་ང་རང་གིས་མཐོང་བྱུང་། ཁོང་ཚོའི་འཁྲིས་ལའང་ཕྱིན་པ་ཡིན། དེ་བཞིན་ན་ནིང་ལོ་མཇུག་ལ་ནིའུ་ཡོཀ་ལ་འགྲོ་སྐབས་ལའང་སྐད་ཆ་ཤོད་རྒྱུ་དང་སྐད་འབོད་བྱེད་རྒྱུའི་སྒྲ་གདངས་འགྱུར་ཟིན་འདུག དེའི་ནང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་བརྒྱུད་སྐུལ་བྱེད་མཁན་༸རྒྱལ་བ་རིན་པོ་ཆེ་མཆོག་རེད་ཅེས་ཟེར་བ་ལྟ་བུ་ཆབ་སྲིད་ཀྱི་ངར་ཤུགས་ཆེན་པོ་བཏོན་ཡོད།

ཉེ་ཆར་སན་ཕ་རན་སི་སི་ཁོར་གནས་ཚུལ་བྱུང་བ་དེ་མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་དྲ་རྒྱའི་ཐོག་ནས་མཐོང་ཡོད། དེའི་ཐོག་མང་ཚོགས་ནང་སེམས་འཚབ་ཤུགས་ཆེན་པོ་བྱུང་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐེངས་བདུན་པའི་ཐོག་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཀྱང་བཞག་ཡོད། བར་ལམ་ནས་དྲ་རྒྱའི་ཐོག་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གཏོང་ཐབས་བྱེད་བཞིན་ཡོད། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ངོས་ནས་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཡོད་ཀྱང་། ད་ལན་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དམིགས་བསལ་ཞུས་ནས་༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐབས། དོལ་རྒྱལ་རྗེས་འབྲང་པ་ཚོ་ཆེད་མངགས་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་འགྲོ་སོང་མང་པོ་བཏང་སྟེ་ནམ་རྒྱུན་ལས་མི་མང་བ་ཁྲིད་ནས་ལས་འགུལ་སྤེལ་ཡོད། ནོར་ཝེ་གཞུང་དང་༸གོང་ས་མཆོག་མཇལ་ཁ་མ་ཞུས་མཁན་གྱི་ཆབ་སྲིད་ཀྱི་མི་སྣ་ཚོར་ ཁོང་ཚོས་དགའ་བསུ་ཞུ་རྒྱུ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།

Menu