སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་བཞུགས་སྒར་དུ་བལ་ཡུལ་ཁུལ་གྱི་མི་མང་སོགས་བརྟན་བཞུགས་འབུལ་མཁན་རྣམས་ལ་བཀའ་སློབ་སྩལ་བའི་ཁོངས་ནས་ལྷ་སྲུང་བསྟེན་ཕྱོགས་སྐོར་ཟུར་འདོན་ཞུས་པ།

༄༅། །བར་སྐབས་ལྷ་སྲུང་བསྟེན་ཕྱོགས་ཐད་དོལ་རྒྱལ་སྐོར་ནས་རྙོག་དྲ་བྱུུང་ཡོད། དེ་རིང་འདིར་ཡོད་པ་ཁྱེད་རང་ཚོ་ཚང་མས་དེ་སྐོར་སྤངས་བླངས་འཛོལ་མེད་བྱེད་ཀྱི་ཡིན་ཞེས་ལྷག་བསམ་རྣམ་པར་དཀར་བའི་སྒོ་ནས་ཡོང་བ་རེད། ཁྱེད་རང་ཚོའི་ནང་གི་མང་པོ་ཞིག་སྔ་ནས་འབྲེལ་བ་མེད་པ་དང༌། ཁག་གཅིག་དེ་སྔ་འབྲེལ་བ་ཡོད་ཀྱང་བར་སྐབས་ངོས་ནས་གསལ་བཤད་འབོད་སྐུལ་བྱས་རྗེས་ཁྱེད་རང་ཚོས་སྤངས་བླངས་ཚུལ་དང་མཐུན་པ་ཞིག་བྱས་ཡོད་པ་རེད། དེ་སྐོར་ཁྱེད་རང་ཚོ་ཡིད་ཆེད་ངེས་པ་བརྟན་པོ་རྙེད་པའི་དོན་དུ་ངོས་ནས་འགྲེལ་བཤད་བྱས་ན་སྙམ་བྱུང༌། དོལ་རྒྱལ་གྱི་སྐོར་འདི་སྐད་ཆ་གསར་པ་ཞིག་མིན་པར་ཕལ་ཆེར་འདས་པའི་ལོ་སུམ་བརྒྱ་བཞི་བརྒྱ་ལྷག་ཙམ་གྱི་གོང་ལ་བྱུང་བ་དང༌། དེའི་རིང་རྩོད་པ་ཅན་དང༌། གླིང་གཞི་ཅན་ཞིག་ཆགས་ཡོད། ས་སྐྱའི་ནང་བསྟེན་མཁན་གང་ཙམ་ཡོད་པ་དེ་དག་གིས་བསྟེན་པའི་ཤུགས་ལྡན་ནི་རྟ་བཞོན་མ་ཟེར་བ་དེ་རེད། ས་སྐྱའི་ནང་མི་བསྟེན་མཁན་ཡང་ཁག་གཅིག་ཡོད། ལྷག་པར་ས་སྐྱའི་བླ་ཆེན་མང་པོ་ཞིག་གིས་དེར་དགག་པ་བསྐྱོན་གྱི་ཡོད། དགེ་ལུགས་པའི་ནང་ལ་ཆ་བཞག་ན་སྔ་དུས་བསྟེན་མཁན་ཉུང་ཉུང་ཡིན་ཞིང༌། མང་ཆེ་བས་བསྟེན་གྱི་མེད། དཔེར་ན། འབྲས་སྤུངས་ནས་རྩ་བ་ནས་མེད་པ་དང༌། སེ་ར་དང་དགའ་ལྡན་གཉིས་ལའང་ཕལ་ཆེར་མེད། རི་ཁྲོད་ཁུག་ཀྱོག་དེ་འདྲའི་ནང་བསྟེན་མཁན་ཉུང་ཤས་ཡོད་པ་རེད། འོན་ཀྱང་དེ་རིགས་ཀྱང་དགེ་ལུགས་པའི་ནང་དོལ་རྒྱལ་ཟེར་བ་དེ་རྩོད་པ་ཅན་ཞིག་བྱས་ཏེ་གནས་པ་ལས། རྩོད་མེད་ཡོངས་གྲགས་ཚང་མས་གཅིག་གྱུར་ཚད་གྲུབ་ལ་ངོས་འཛིན་གནང་བ་བྱུང་མྱོང་མེད། འདས་པའི་ལོ་དྲུག་ཅུ་ཙམ་གྱི་རིང་ལ་དེ་དར་རྒྱས་ཆེན་པོ་ཕྱིན་ཡོད། དར་རྒྱས་ཤུགས་ཆེན་པོ་ཕྱིན་པ་དེར་གྲུབ་འབྲས་གང་ཞིག་བྱུང་འདུག་གམ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཕན་ཐོགས་གང་ཞིག་བྱུང་ཡོད་དེ་ལ་རྩིས་ཤིག་རྒྱོབ་དང༌། རྗེ་རིན་པོ་ཆེ་བྱུང་ནས་ཕྱིས་ཀྱི་ལོ་དྲུག་ཅུ་བརྒལ་བ་དེའི་རིང་ཕན་ཐོགས་འདི་བྱུང་ཡོད་ཟེར་བ་ཞིག་དང༌། དགེ་ལུགས་པའི་བསྟན་པ་ལ་དམིགས་བསལ་དོལ་རྒྱལ་གྱི་རྐྱེན་པས་ཕན་ཐོགས་འདི་འདྲ་ཞིག་བྱུང་ཡོད་ཟེར་བ་ཕལ་ཆེར་ཡོད་པ་མ་རེད།

ལྡོག་ཕྱོགས་ནས་བཤད་ན་དོལ་རྒྱལ་གྱིས་རྐྱེན་པས་དགེ་ལུགས་པར་མི་དགའ་བ་བྱེད་མཁན་དང༌། དགེ་ལུགས་པའི་ཆོས་དེ་ཡག་པོ་མ་རེད་བརྗོད་མཁན་བྱུང་སྟེ་ཆོས་ལུགས་ཕན་ཚུན་བར་དང༌། དགེ་ལུགས་པ་ནང་ཁུལ་ལའང་བར་སྐབས་ཕན་ཚུན་ཆགས་སྡངས་ཕྱོགས་རིས་བྱེད་མཁན་མང་པོ་བྱུང་ཡོད། དཔེར་ན། དོལ་རྒྱལ་གྱི་རྐྱེན་པས་ཁམས་ཁུལ་དང༌། ངའི་མི་ཐོག་འདི་རང་ལ་ལྷོ་ཁ་ཁུལ་དུ་དོལ་རྒྱལ་གྱིས་རྐྱེན་བྱས་ཏེ་རྙིང་མའི་ལྷ་ཁང་ནང་གི་གུ་རུ་མཚན་བརྒྱད་དང་དེ་འདྲའི་སྐུ་གཡུགས་ནས། དེའི་ཚབ་ལ་རྒྱལ་ཆེན་རིགས་ལྔ་བཞེངས་པའི་གནས་ཚུལ་བྱུང་བ་ད་ལྟ་མི་མ་ཤི་བར་གསོན་པོར་བསྡད་ཡོད་པ་རེད། དེ་བཞིན་ཁམས་ཁུལ་ལ་བྱུང་བའི་གནས་ཚུལ་བཤད་ན། ཨ་མདོའི་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་ཁོང་གི་བླ་མ་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་རྣམ་ཐར་ནང་གསལ་པོ་བཀོད་འདུག ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་གསུང་འབུམ་པོད་མང་པོ་ཞིག་འདུག ལྷག་དོན་དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་ཆེན་པོད་གཉིས་ཡོད། དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་བ་འདི་ལས་རྒྱས་པ་མེད། ཧ་ཅང་སྤུས་དག་པོ་ཞིག་ཡོད། དེ་འདྲ་མཛད་མཁན་གྱི་མཁས་པའི་དབང་པོ་ཞིག་ཡིན་ཞིང༌། ཁོང་མཚན་སྙན་གྲགས་ཆེན་པོ་ཡོད་དུས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཁོང་ལ་ཕྱག་བྲིས་ཤིག་ཕུལ་ཏེ་དེའི་ནང་ཁོང་ལ་བསྔག྄ས་བརྗོད་ཆེན་པོ་གནང་ཡོད་པ་དེའི་མཇུག་ཏུ་སྐུ་ཞབས་ཕ་བོང་ཁ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་སྙིའང་གི་གྲུབ་མཐའ་ཆེན་པོ་རྩོད། པད་མ་འབྱུང་གནས་ཀྱི་སྐུ་དང་ཞི་ཁྲོའི་ལྷ་བཤིག་བཛྲ་གུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པད་མ་བཀའ་ཐང་མེ་ཆུར་སྦྱངས་པ་ལ་སོགས་པའི་ལོག་སྤྱོད་མང་པོ་དང༌། གཞན་ཡང་མ་ཎི་སོགས་ཀྱི་འཁོར་ལོ་སྐོར་བ་དང་གཤིན་པོའི་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང༌། མཆོག་གསུམ་ཀུན་འདུས་རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གྲྭ་པ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིག་བཅོམ་རང་མཚང་མང་ཞིང༌། རྗེ་༸རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། སྤྱི་ལ་ཕན་པའི་སྤྲིངས་ཡིག་གཅིག་མཛད་ནས་པར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་ལ་དཀྱེས་པ་མཛད་ན་བསྟན་པའི་འཁྲུག་སེལ་ལ་བཀའ་དྲིན་ཆེ་ཞུ། ངེད་ལ་ཉིད་མཛད་རྟོག་བདུན་རྒྱུད་འགྲེལ་ཞིག་དགོངས་གཏད་དང་བཅས་གནང་གྲུབ་མཁྱེན་མཁྱེན། ཅེས་པ་ལ་སོགས་པ་ཞུ་གནང་མཛད་འདུག་པའང་གསེར་མདོག་ཅོད་པན་འཆང་བའི་རང་བསྟན་གྱི་ཁུར་བསྣམས་པ་ལ་མདོ་དབུས་སུ་ཟླ་མེད་པའི་གྲགས་པ་ཆེ་བ་དང༌། མཁས་བཙུན་བཟང་པོའི་རླབས་ཕྲེང་དཀར་པོ་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་ཆེས་ཆེ་བར་དག་གི་ཐུགས་རང་དབང་མེད་པར་འཕྲོག་པའི་དན་རྟགས་སུ་འཁུམས་སོ། དེབ་གཟུགས་ཤོག་གྲངས་ ༣༩༤ ཕྲེང་ ༡༥ ནས་གྲངས་ ༣༩༥ བར་གསལ།དེ་ལྟར་ཨ་ལགས་འཇིགས་མེད་དམ་ཆོས་ནི་མདོ་སྨད་ཁུལ་གྱི་བླ་མ་ཚད་ལྡན་ཆགས་ཡོད་ལ། ཁོང་གི་རྣམ་མཐར་མཛད་མཁན་ཚེ་ཏན་ཞབས་དྲུང་ཡང་མཁས་པ་ཆེན་པོ་ཞིག་ཡིན་ཞིང༌། དེ་སྔ་ང་རང་རྒྱ་ནག་ཏུ་འགྲོ་སྐབས་ཁོང་དང་མཇལ་མྱོང༌། བར་ལམ་འདས་པའི་ལོ་དྲུག་ཅུའི་རིང་ཤུགས་ལྡན་གྱིས་རྐྱེན་པས་དགེ་ལུགས་པའི་པར་མཐོང་ཕྱོགས་བྱུང་ཡོད་པ་དེ་ཚོའི་ཐོག་ནས་དགེ་ལུགས་པར་ཕན་ཐོགས་ཆེ་བ་བྱུང་འདུག་གམ། ཡང་ན་མཚན་ཤས་དང་ཆོས་ལུགས་མི་མཐུན་པའི་གནས་ཚུལ་མང་བ་བྱུང་འདུག དེ་གཉིས་ལྕི་ཡང་ཞིག་འདེགས་དང་ཤེས་ཀྱི་རེད།

འདས་པའི་ལོ་གསུམ་བརྒྱ་བཞི་ཅུ་བརྒལ་རིང་རྩོད་པ་ཅན་དུ་གནས་པའི་དང་པོའི་རྐྱེན་རྩ་༸གོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་པ་ཡོད་པ་འདི་ཡིན་པ་ཧ་ཅང་གསལ་པོ་ཡིན། ༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་ནང་དོལ་རྒྱལ་ལ་བསྲེགས་པ་མེའི་ལས་སྦྱོར་མཛད་པ་དང༌། དེའི་སྐབས་གཟུ་དཔང་ཞིག་ཀྱང་མཛད་པ་ཡིན་ཞེས་འཁོད་འདུག གཟུ་དཔང་དེ་༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ད་བའི་ནང་བསྲུང་མའི་གསོལ་མཆོད་ཀྱི་སྡེ་ཚན་ཞིག་ཡོད་པ་དེའི་ནང་ཧ་ཅང་གསལ་པོ་འདུག དེའི་མགོ་བརྗོད་ནང་སྨོན་ལམ་ལོག་པའི་དམ་སྲིད་ཞེས་ཐག་བཅད་ནས་གསུང་འདུག་པ་དང༌། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དེ་ཡང་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པ་ཐག་བཅད་ནས་གསུངས་དོན་གད་ཁའི་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེལ་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིད་གྱུར་ཏེ་འགྲོ་བ་མང་པོར་གནོད་ཚབས་ཆེས་པར་བསྲེགས་པ་མེའི་ལས་སྦྱོར་མཛད་སྐབས་བརྩམས་པ་ཡིན་ཞེས་གསུང་འདུག དེ་ལྟར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བསོད་གྲགས་ཀྱི་ཡང་སྲིད་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པ་དང༌། རྗེས་སུ་སྨོན་ལམ་ལོག་པའི་དམ་སྲིར་སྐྱེས་པ་༸རྒྱལ་བ་ལྔ་པ་ཆེན་པོས་ཐག་བཅད་གནང་འདུག དེ་སྐོར་༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་ཕྱི་མ་གསུང་འབུམ་ད་པའི་ནང་གསལ་འཁོད་དང༌། གསུང་བཀའ་རྒྱ་མའི་གྲས་གསང་བ་རྒྱ་ཅན་གྱི་གྲི་ཐོད་རྒྱ་ཅན་དང༌། བུམ་པའི་རྒྱ་ཅན་གཉིས་ཀྱི་ནང་ཟུར་ཙམ་གསལ་འདུག་པ་འདི་ལྟར། ༸གོང་ས་ལྔ་པ་ཆེན་པོའི་གཟིགས་སྣང་ལ་ ས་མོ་བྱ་ལོའི་གནམ་ལོ་གསར་ཚེས་ལ་འབྲས་སྤུངས་སུ་བུད་མེད་ནག་མོ་རི་བོ་ཙམ་པ་ཞིག་གིས་ཞབས་གཡས་གཟིམ་ཁང་གོང་གི་སྟེང་དང༌། གཡོན་ཆོས་འཁོར་གླིང་གི་སྟེང་དུ་བཞག་ནས་ནན་བྱས་པས་ཐལ་བ་བུན་སོང་བ་ཞིག་བྱུང་ གྲི་ཐོད་རྒྱ་ཅན་བྲིས་མ་ཤོག་གྲངས་ ༡༩༠ ཕྲེང་ ༢ པར་གསལ་བ་དང༌། ཡང་ སློབ་དཔོན་གཙོ་འཁོར་གསུམ་གྱིས་གཟིམ་ཁང་གིང་གི་ཤུལ་དུ་སྦྱིན་བསྲེགས་ལྡུགས་ བུམ་པའི་རྒྱ་ཅན་བྲིས་མ་ཤོག་གྲངས་ ༡༠༨ ཕྲེང་ ༦ པར་གསལ་ཞེས་ལུང་བསྟན་བྱུང་བ་ཧ་ཅང་གསལ་པོ་འདུག ༸གོང་ས་ལྔ་པ་ཆེན་པོའི་གསུང་ཕྱི་མ་དང༌། གསང་བ་རྒྱ་ཅན་གཉིས་ཀའི་ནང་ནས་གཅིག་མིན་གཉིས་མིན་ནན་པོ་བྱས་ཏེ་ཐོན་གྱི་ཡོད་དུས༌། དེང་སྐབས་རིགས་གཅིག་གིས༸གོང་ས་ལྔ་པས་འཕྲིན་བཅོལ་ཡང་མཛད་ཡོད་པས་དྲང་དོན་ལས་ངེས་དོན་མ་རེད་བརྗོད་ཀྱི་ཡོད་ཀྱང༌། དེ་དག་བདེན་པ་མིན་པ་ནི་ཞིབ་ཚགས་པོའི་ཐོག་ནས་ཞིག་འཇུག་བྱས་ན་གོང་དུ་བརྗོད་པ་ལྟར་རེད་འདུག

༸གོང་ས་ལྔ་པ་ཆེན་པོདང་དོལ་རྒྱལ་བར་གནས་ཚུལ་བྱུང་བའི་རྗེས་སུ་བྱོན་པའི་དབུས་གཙང་ཁུལ་གྱི་བསྟན་འཛིན་གྱི་སྐྱེས་ཆེན་སྙན་གྲགས་ཅན་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་སློབ་མ་ལམ་རིམ་གྱི་བསྟན་པའི་བདག་པོ་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་གདན་ས་གསུམ་གྱི་དཀར་ཆག་ནང་དགའ་ལྡན་དཀར་ཆག་གི་མཇུག་ཏུ༌། དེ་ལྟར་ན་རྗེ་རང་ཞལ་བཞུགས་སྐབས་རྒྱུད་ནས་བཤད་པའི་ཆོས་སྐྱོང་དམ་ཚིག་ཅན་རྣམས་མ་གཏོགས་འཇིག་རྟེན་པའི་འདྲེ་གདུག་པ་ཅན་ཅུང་ཟད་རེ་ལའང་ཀོ་ལོང་བྱེད་པའི་རྟེན་དགོས་གནས་འདིར་བཙུགས་པ་ཅུང་ཟད་ཀྱང་མེད་ལ། དེའི་མཐུས་སློབ་དཔོན་ཐམས་ཅད་ཐུགས་མཐུན་ཞིང་བཤད་སྒྲུབ་འཕེལ་བར་བྱུང༌། འཁྲུངས་ལྷ་རྨ་ཆེན་ཀྱང་དགོན་པའི་ཕྱི་རོལ་དུ་འཇོག་པར་གནང་བ་ཡིན་ནའང༌། དེང་སང་རྗེས་འཇུག་ཏུ་རློམ་ནས་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐབས་གནས་འདྲེ་ལ་འཆོལ་བ་རྣམས་ལ་མི་འདོད་པ་ཐོག་ཏུ་འབབ་པ་མང་དུ་འབྱུང་བ་ཡིན་ནོ། དེ་ལྟར་ན་རང་ཅག་རབ་ཏུ་བྱུང་བ་རྣམས་རང་གི་སྲུང་སྡོམ་དག་པ་བསྲུང་ན་སྔོན་སངས་རྒྱས་མཐོང་བའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱིས་འཕྲིན་ལས་གྲུབ་པར་འདོན་མི་ཟའོ། དཀར་ཆག་གི་ཤོག་གྲངས་ ༡༣ པའི་རྒྱབ་ཤོག་ལ་གསལ།ཞེས་གསུང་འདུག ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་འཆོལ་བ་ཞེས་པའི་འདྲེ་འདི་ཕུར་ལྕོག་ངག་དབང་བྱམས་པའི་སློབ་མ་དང༌། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཡིན་པ་ཁྲི་ཆེན་ངག་དབང་མཆོག་ལྡན་ རྭ་སྒྲེང་སྐུ་ཕྲེང་དང་པོ་ གྱི་རྣམ་ཐར་ནང་རྒྱལ་འགོང་ཞེས་གསལ་གྱི་འདུག

ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ནང་དེ་སྔོན་ནས་རྒྱལ་འགོང་གདུག་པ་ཅན་ཞིག་བྲག་སོབ་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང༌། བྱེད་པ་མང་བའི་བླ་ཟུར་དང་ཁམས་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང༌། བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབ་འདུག་པ་རྣམས་མི་འཚམས་པ་ཆེན་པོ་གཟིགས་ནས། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་དུས་ནས་བཟུང་དགོན་གནས་འདི་ནང་དུ་འཇིག་རྟེན་པའི་ལྷ་སྲུང་སྣ་ཚོགས་བསྟེན་པའི་ཕྱག་སྲོལ་མེད་པས་ཕྱིན་ཆད་དེ་རིགས་གཏན་ནས་མི་ཆོག་ཅེས་ཚོགས་སུ་བསྒྲགས། ལྷ་རྡོ་དེ་ཡང་བཤིག་ནས་རྡོ་རྡོ་མལ་དང་ས་ས་མལ་དུ་བསྐྱལ། སྐུ་རྟེན་དེ་ལ་ཡང་ཁོག་ཞུགས་བྱེད་བཅུག་ཐོག་ཕྱིན་ཆད་བབས་ས་མེད་པའི་བཀའ་བསྒྱུར་བས་ཁྲི་ཆེན་རིན་པོ་ཆེས་དེ་ལྟར་གསུང་ཕྱིན་ད་འགྲོ་བ་ལས་འོས་མེད་ཟེར་ནས་བབས་ཕུལ་ཞིང་རྒྱལ་འགོང་དེ་སྟག་རྩེ་ཞོལ་དུ་བྲོས། རྗེ་རང་ཉིད་སྐུ་མཚམས་ཐོག་ཞིག་བཞུགས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཆོས་རྒྱལ་གྱི་གཏོར་རྫོང་དེ་ཡང་ཚོགས་ཆེན་དུ་འཛུགས་པ་གནང༌། ཆོས་རྒྱལ་གྱིས་བཀའ་ཆད་ཀྱིས་རྒྱལ་འགོང་བསྟེན་མཁན་བླ་ཟུར་དེ་ཡང་འཕྲལ་དུ་བཀྲོངས་ཤིང་ཁམས་ཚན་དེ་ལ་ཡང་མི་ཤིས་པ་སྣ་ཚོགས་བྱུང་བས་ཕྱིན་ཆད་དེ་རིགས་བྱེད་འཕྲོ་ཆད་པས་དགོན་གནས་རྣམ་པར་དག་པའི་རྐྱེན་བཟང་པོར་གྱུར་ རྣམ་ཐར་ཤོག་གྲངས་ ༦༦ པའི་རྒྱབ་དང་ ༦༧ པར་གསལ་ཞེས་གསུང་འདུག གོང་དུ་རྒྱལ་འགོང་ཞེས་གསུངས་པ་དེ་དོལ་རྒྱལ་ཡིན་པ་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ནང་གསལ་པོ་འདག ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ནང༌། ལྕང་སྐྱ་རིན་པོ་ཆེ་དང༌། ཐུའུ་བཀྭན་རིན་པོ་ཆེ་སོགས་གདན་ས་དགའ་ལྡན་ལ་ཕེབས་ནས་ཉིན་ཞིག་གླིང་སྐོར་དུ་ཕེབས་པའི་སྐོར་གསལ་བར་ རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས་རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པ་མི་མཛད་པས། འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་སྐོར་ལམ་ནང་དུ་མ་ཆུད་ཅིང༌། སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོའི་ལྷ་རྟེན་སོགས་བཤིགས་ནས་དགོན་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས་ ཐུའུ་བཀྭན་གྱི་གསུང་འབུམ་ཀ་པའི་ཤོག་གྲངས་ ༢༢༡ རྒྱབ་ཕྲེང་ ༣ པར་གསལ༌།ཞེས་དོལ་རྒྱལ་གྱི་མིང་གསལ་པོ་གསུང་འདུག དེ་དག་གོ་རིམ་བསྒྲིགས་ནས་ཕུར་ལྕོག་ངག་དབང་བྱམས་པས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས་སྐྱབས་གནས་འདྲེ་ལ་འཆོལ་བ་ཞེས་གསུངས་པའི་འདྲེ་འདི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་རྒྱལ་གོང་གདུག་པ་ཅན་ཞེས་གསུང་ཡོད་པ་དང༌། རྒྱལ་འགོང་གདུག་པ་ཅན་དེ་ལྕང་སྐྱ་རོལ་བའི་རོལ་བའི་རྡོ་རྗེའི་རྣམ་ཐར་ནང་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་ཞེས་དོལ་རྒྱལ་ཡིན་པ་གསལ་པོ་གསུང་འདུག ཁོང་རྣམ་པ་ནི་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ་བཅས་དང་འབྲེལ་བ་མེད་པར་དགེ་ལུགས་པ་རྐྱང་པ་གནང་མཁན་གྱི་བླ་མ་ཡིན་ཞིང༌། དེ་དག་གི་གསུང་ནས་གསལ་པོར་ཆགས་ཡོད།

གཞི་རྩ་འདི་འདྲའི་འོག་ཕྱོགས་གཅིག་ནས་༸གོང་ས་ལྔ་པ་ཆེན་པོ་དང་ཡང་མ་འགྲིགས་པ་ཡོད་པ་དང༌། ཕྱོགས་གཉིས་ནས་དགེ་ལུགས་པ་མིང་དོན་མཚུངས་པ་ཞིག་བྱས་པ་ཡིན་ན། དག་དང་མ་དག་གི་ལྷ་ཡིན་ནའང་འདྲ༌། སྲུང་མ་འདྲ་མིན་བསྟེན་གསོལ་བྱེད་པའི་ཕྱག་ལེན་དགེ་ལུགས་པར་མེད་པ་རེད། དེར་བརྟེན་སྐུ་མདུན་སྐུ་གོང་མས་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་བཀའ་ནན་པོ་གནང་བ་དེ་སྐོར་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་གང་གི་དྲུང་ཡིག་ལྡན་མ་བློ་བཟང་རྡོ་རྗེས་ཕྱོགས་སྒྲིགས་བྱས་པ་པོད་གཉིས་ཡོད་པ་བོད་ནང་པར་པ་དཔལ་ལྡན་ཟེར་བས་པར་བརྒྱབ་འདུག་པ་དེའི་ནང༌། སྐུ་མདུན་སྐུ་གོང་མས་བཀའ་ལན་ཕེབས་པར་ཕ་བོང་ཁ་རིན་པོ་ཆེས་བཀའ་ལན་ཕུལ་བ་འཁོད་གསལ། གུས་འབངས་ཕ་བོང་ཁའི་སྐྱེ་མིང་པ་ནས་ཞུ་བ། རྩེ་མཁན་མགྲོན་ཆེན་མོ་བརྒྱུད་བཀའ་སྤྱི་ཕེབས་དགོངས་དོན། སྔ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཞུ་ཤོག་ཕུལ་དོན་བཞིན། དེར་གསལ་རེ་རེ་བཞིན་ཚིག་གི་བརྡ་སྤྲོད་བཀའ་དྲིན་ཆེ་བས་གུས་འབངས་རང་ནོངས་པ་ཁོ་ནས་ལས། ཞུ་འོས་ཆ་ཙམ་མ་མཆིས་པ་ཕྱིན་ཆད་བཀའ་དོན་ནམ་ཡང་ལྷོད་མེད་སྙིང་དབུས་སུ་བཅངས་ཆོག་པ། ད་ཕན་ཞུ་འཛོལ་ཅི་མཆིས་ལྷ་དགོངས་གསལ་དྭངས་ཞེས་འཁོད་དོན། ད་ལམ་སྨོས་པའི་དོན་ཚན་གསུམ་སྐོར་ད་དུང་ལུང་རིག་གི་རྩོད་པ་ཇི་སྙེད་ཅིག་མཆིས་ཀྱང༌། རེ་ཞིག་དེ་ཙམ་དང༌། སྔོན་དུ་སྐྱབས་འགྲོར་བརྩོན་ཁུལ་ཞེས་པ་ཁྱེད་རང་ནས་གཙོ་བོ་སྲུང་མ་ཤུགས་ལྡན་བསྟེན་གསོལ་དང༌། སྔ་ལོ་སོགས་སུ་ཆོས་སྡེ་འབྲས་སྤུངས་སུ་ལམ་རིམ་གྱི་འཁྲིད་བཤད་དང་འབྲེལ་བའི་སློབ་མ་རྣམས་ཤུགས་ལྡན་བསྟེན་གསོལ་ཤས་ཆེར་དར་བས་སྔར་ནས་ཐོག་མའི་ཕྱག་འདེབས་པ་པོ། འཇམ་དབྱངས་ཆོས་རྗེ་ནས་དགོན་གནས་དེའི་སྲུང་སྐྱོབ་བཀའ་བསྒོས་གཉེར་དུ་གཏད་པ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནས་འབྲས་སྤུངས་བླ་སྤྱིར་བསྟེན་པ་སྔ་བསྣུར་དུ་བཏང་ཚུལ་དགོངས་འགལ་སྔ་ཕྱིར་འབྱུང་རྩ་དེར་ཐུག་པ་དང༌། ལྷག་པར་འཇིག་རྟེན་དྲེགས་པར་ཚེ་འདིའི་གྲོགས་སུ་བཅོལ་བ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མཐོང་བས་མ་རིག་རྨོངས་པས་སྒྲིབ་ནོངས་ལས་ཤེས་བཞིན་དཀར་མིན་གྱི་ལམ་དུ་ཞུགས་ཤིང༌། གཞན་སྦྱོར་བ་སྙིང་ཁོང་ནས་མིན་ལུགས་འཁོད་པ་དང་ནང་འགལ་དུ་མངོན་པས་ཇི་ཡིན་ཞུ་ལན་འབུལ་དགོས་སྤྱི་ཕེབས་བྱུང་ལགས་ན། གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང༌། ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་བསྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུས་ཆོག་པ། གནས་ཆུང་ཆོས་རྒྱལ་ཆེན་པོ་དགོངས་འཁྲུག་གི་གཞི་རྩར་གྱུར་པ་དང༌། སྐྱབས་འགྲོའི་བསླབ་བྱ་དང་ནང་འགལ་བྱུང་བ་སོགས་དེང་ཕན་ཞུ་འཛོལ་ཅི་མཆིས་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་ལྷ་དགོངས་གསལ་དྭངས་བརྩེ་བས་གཟིགས་པ་མཁྱེན། མཁྱེན། མཁྱེན། རྣམ་ཐར་གྱི་ཤོག་གྲངས་ ༤༧༡ ཕྲེང་ ༢ པ་ནས་རྒྱབ་ཤོག་བཅས་པར་གསལ། ཞེས་ཤུགས་ལྡན་ཐོག་མར་མ་ཡུམ་གྱི་སྐྱེད་མའི་ངོས་ནས་འབྲེལ་བ་བྱུང་བ་དང༌།

ད་ནས་སྐྱབས་མགོན་རིན་པོ་ཆེའི་བཀའ་བཞིན་བསྟེན་གསོལ་ནམ་ཡང་གནང་གི་མིན་ཞེས་ཞལ་བཞེས་གནང་བ་གསལ་པོ་འཁོད་འདུག རྣམ་ཐར་ལྡི་ལི་པར་མའི་ནང་བསྐུམ་པ་གནང་འདུག ང་རང་ནས་ཀྱང་ཐོག་མར་དོས་རྒྱལ་བསྟེན་པ་ཡིན། དེ་རྗེས་གོང་གསལ་གནས་ཚུལ་དེ་ཚོ་རིམ་པས་ཤེས་པ་དང༌། དཔྱད་བྱེད་སྐབས་དེ་སྐོར་རྙོག་དྲ་ཧ་ཅང་ཆེན་པོ་ཡོད་པར་བརྟེན་མཐའ་ཟན་བརྟག་བསྒྲིལ་ནས་མུ་མཐུད་བསྟེན་ན་བཟང་དང༌། ཤིན་ཏུ་གསང་བའི་ཚུལ་གྱིས་བསྟེན་ན་བཟང༌། གཙང་མ་མཚམས་འཇོག་བྱས་ན་བཟང་བཅས་བརྟག་དཔྱད་བྱེད་སྐབས་ཟན་བརྟག་ནས་གཙང་མ་མཚམས་འཇོག་བྱ་རྒྱུ་བབས་པ་ལྟར་ང་རང་གི་ངོས་ནས་གཙང་མ་ཐག་བཅད་པ་ཡིན། འོན་ཀྱ་གཞན་ལ་འབོད་སྐུས་བྱས་པ་དང༌། ཕྱི་ལ་ཁྱབ་བསྒྲགས་བྱས་པ་གང་ཡང་མེད་དེ་ནས་རིམ་པས་ཕ་རྒོད་བླ་མའི་ཞལ་ལུང་ཐོན་ཏེ་དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་པ་ཡིན་ན་རྒྱལ་ཆེན་ཤུགས་ལྡན་གྱིས་ཚར་གཅོད་ཀྱི་ཡོད་པ་དང༌། དེའི་དཔེ་མཚོན་བགྲངས་པའི་ནང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་རྙིང་ཆོས་གནང་བར་བརྟེན་ཤུགས་ལྡན་གྱིས་ཚར་བཅད་པ་དང༌། དེ་བཞིན་ང་བདག་པོ་བསྐྱོན་ཏེ་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རེད་ཅེས་ཐག་གཅོད་གནང་མཁན་རྭ་སྒྲེང་རིན་པོ་ཆེས་རྙིང་ཆོས་གནང་པར་བརྟེན་རྒྱལ་ཆེན་གྱིས་ཚར་བཅད་པ། དེ་དང་དེ་འདྲ་བའི་དགེ་ལུགས་པའི་བླ་ཆེན་གང་ཙམ་ཞིག་རྙིང་ཆོས་གནང་བའི་རྒྱུ་མཚན་ལ་བརྟེན་ནས་ཤུགས་ལྡན་གྱིས་ཚར་བཅད་པའི་ལོ་རྒྱུས་འཁོད་ཡོད་པ་རེད། དེའི་སྐབས་འདི་གར་སློབ་དཔོན་རིན་པོ་ཆེར་འབུམ་ཚོགས་འབུལ་གྱི་ཡོད་ཀྱང་རྡ་རམ་ས་ལར་ཡོད་པའི་བཙུན་མ་གང་འཚམས་ཤིག་འབུམ་ཚོགས་ལ་སླེབས་མ་བྱུང༌། རྒྱུ་མཚན་གང་ཡིན་སྐད་ཆ་དྲི་སྐབས་གོང་གསལ་དེབ་ཐོན་པ་འདིས་རྐྱེན་བྱས་འདུག དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་ནས་གུ་རུ་རིན་པོ་ཆེར་གསོལ་བ་བཏབ་ན་ཤུགས་ལྡན་གྱིས་གནོད་ཀྱི་རེད་ཅེས་འཁོད་ཡོད་སྟབས་ཁོང་ཚོ་ཞེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག ཉིན་གཅིག་ངོས་ནས་དེབ་དེ་རྩད་གཅོད་བྱེད་སྐབས་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བ་དེ་རེད། དེས་རྐྱེན་གཞི་ནས་དེ་སྐོར་དམ་དྲག་བྱེད་འགོ་བཙུགས་པ་དང༌། སྐབས་དེ་འདྲ་ཞིག་ལ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཐུགས་དམ་ས་བོན་ཞིག་འབྱོར་བ་བཞིན། དགའ་ལྡན་བྱང་རྩེ་བཀྲ་མི་ཤིས་པའི་དཀའ་ངལ་ཡོང་བ་འདི་ལྷ་སྲུང་གི་རྐྱེན་གྱིས་བྱུང་བ་ཡིན་ནམ། ཡང་ན་སྤྱིར་བཏང་གིས་རྐྱེན་གཞན་གྱི་འོག་ནས་བྱུང་བ་ཡིན་ཟན་བརྟག་བསྒྲིལ་བར་ལྷ་འཁོན་གྱི་རྐྱེན་ལས་བྱུང་བ་བབས། ཡང་ལྷ་འཁོན་དེ་རྐྱེན་གཞན་གྱི་འོག་ནས་བྱུང་བ་ཡིན་དང༌། ཤུགས་ལྡན་བསྟེན་དྲགས་ནས་ལྷ་མོ་འཁོན་པ་ཡིན། ཟན་བརྟག་བསྒྲིལ་བས་ཤུགས་ལྡན་བསྟེན་དྲགས་ནས་ལྷ་མོ་འཁོན་པ་བབས་བྱུང༌། དེ་ལྟར་ཟན་བརྟག་བསྒྲིལ་ནས་ཐག་བཅད་པ་ཡིན་མ་གཏོགས་ངས་ཨོ་ཚོད་ཚོད་བྱས་ནས་ཐག་བཅད་པ་མིན། མི་ཕལ་པ་ཞིག་གི་མོ་བརྒྱབ་རྒྱུ་ཡིན་ནའང་ངས་མངོན་ཤེས་མེད་པར་ཡོད་མདོག་མདོག་བྱས་མ་བྱས་པར་མོ་རྒྱག་གི་ཡོད། གལ་ཆེའི་གནད་དོན་རྣམས་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད་ཀྱི་ཡོད། སྔོན་ལ་རྒྱ་ནག་ལ་འགྲོ་རྒྱུ་དེ་ཟན་བརྟག་བསྒྲིལ་ནས་ཐག་བཅད་པ་ཡིན། ཡང་ ༡༩༥༧ ལོར་རྒྱ་གར་ནས་ཕར་ལོག་དང་མི་ལོག་ཀྱང་ཟན་བརྟག་བསྒྲིལ་ནས་ཐག་བཅད་པ་ཡིན། ༡༩༥༩ ལོར་ལྷ་ས་ནས་བྲོལ་རྒྱུ་ཡང་ཟན་བརྟག་བསྒྲིལ་ནས་ཐག་བཅད་པ་ཡིན།

དེ་ཡང་ཐོག་མར་མིས་བསམ་བློ་བཏང༌། སོ་སོས་ཀྱ་བསམ་བློ་བཏང༌། ཕན་ཚུན་གོ་བསྡུར་བྱས། མཐའ་མའི་ཐག་གཅོད་བྱེད་དུས་སྐབས་རེ་གནས་ཆུང་ལ་ཞུས། གནས་ཆུང་གི་གསུངས་པ་དེར་ཡང་ཆ་མ་བཞག་པར་མཐའ་འདོམས་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱས་པ་ཤ་སྟག་ཡིན། ང་རང་རྒྱ་གར་ལ་སླེབས་རྗེས་ཀྱང་ས་སྐྱ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་ཞུ་དང་མི་ཞུ་འདི་ཡང་ཟན་བརྟག་བསྒྲིལ་གསར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་འདན་འདྲེན་ཞུས་ནས་ཐག་བཅད་པ་ཡིན། སྐབས་དེར་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ཝ་ར་ཎ་སིར་ཕེབས་པ་ཡིན་ནམ་རྡ་སར་བཞུགས་མེད། ང་རང་གི་མི་ཚེའི་ནང་ཆོས་དང་སྲིད་ཀྱི་ལས་ཀ་གལ་གནད་ཆེ་བ་རྣམས་རང་གི་ངོས་ནས་བསམ་བློ་བཏང་སྟེ་འགྲོ་ས་འདི་མ་གཏོགས་མི་འདུག་བསམ་པའི་དོན་ཚན་གཉིས་གསུམ་ཞིག་གཏན་འཁེལ་བའི་མཚམས་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད་ཀྱི་ཡོད། ད་ལྟ་བར་དུ་བསླུ་བ་རྩ་བ་ནས་མ་བྱུང༌། དོལ་རྒྱལ་སྐོར་ཐག་གཅོད་བྱེད་སྟངས་ཀྱང་འདི་འདྲ་བྱས་ནས་བྱས་པ་ཡིན།

དེ་རྗེས་གཞི་ནས་མང་ཚོགས་ལ་གསལ་བཤད་གསེད་བཀྲོལ་ཕྲན་བུ་བྱས་པ་དེ་སྐབས་སྒེར་སོ་སོས་བསྟེན་དང་མ་བསྟེན་ཆོས་དད་རང་མོས་རེད། གནད་འགག་མི་འདུག ཡིན་ནའང་སྤྲོས་པ་ཆེན་པོ་མ་བྱེད་ཅེས་གསལ་པོ་བཤད་ཡོད། དེ་ལ་མི་ཁག་གཅིག་གིས་ཉན་ཤེས་གོ་ཤེས་བྱེད་ཀྱི་ཡོད་པ་དང༌། མི་ཁག་གཅིག་གིས་ངོས་ནས་བཤད་པ་འདི་ཁུངས་མེད་ལྟ་བུར་བརྩིས་ཏེ་ད་དུང་སྤྲོས་པ་ཆེ་རུ་དང་མངོན་གསལ་དོད་དུ་བཏང་ཡོད། ཡང་སྒོས་ལྷག་པར་ཅན་དུ་བོད་ནང་སྐད་ཆ་བཀྲམས་པར་༸རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་གྱི་ཐོག་དམ་དྲག་གནང་བ་འདི་སྒྲ་ཇི་བཞིན་པ་མ་རེད། དགོས་དབང་གིས་གནང་བ་རེད། དེ་ཡང་ཆོས་བརྒྱུད་རྙིང་མ་སོགས་ཀྱི་ངོ་སྲུང་ཆེད་རྒྱལ་ཆེན་དམ་དྲག་གནང་བ་རེད་ཅེས་ཤོད་ཀྱི་ཡོད་པ་དང༌། ཡང་ཁག་གཅིག་གིས་༸རྒྱལ་བ་རིན་པོ་ཆེར་རྙིང་མའི་བླ་མ་དེ་འདྲས་མི་ཞུ་དགུ་ཞུ་ཞུས་ནས་དེ་ལྟར་གནང་བ་རེད་ཅེས་ངོས་ནས་རྣ་ཅོག་སྲབ་པོ་བྱས་པ་ལྟ་བུ་ཤོད་མཁན་ཡོད། མ་གཞི་ང་རང་རྣ་ཅོག་སྲབ་པོ་ཡིན་ཡང་ལྷགས་པས་གང་འདེད་ཀྱི་སྐད་ཆ་ཉན་མཁན་ཞིག་མིན། རྣ་བ་གཉིས་ཀས་ཉན་ནས་བསམ་ཞིབ་བྱེད་ཀྱི་ཡོད། སྤྱིར་བཏང་ཁྱེད་རང་ཚོས་ཤེས་གསལ་ལྟར་ང་རང་ལོ་བཅུ་དྲུག་ནས་ད་ལྟ་ལོ་དྲུག་ཅུ་རེ་གསུམ་ལ་སླེབས་ཀྱི་བར་བོད་སྤྱི་བའི་འགན་འཁྱེར་ནས་བསྡད་པ་ཡིན། ངས་རྣ་ཅོག་སྲབ་པོ་བྱས་ཏེ་བྱབ་ག་རེ་བསྐྱལ་འདུག ཁྱེད་རང་ཚོས་ཞིབ་འཇུག་ཡག་པ་བྱས་ན་ཤེས་ཀྱི་རེད། ངོས་ནས་དག་འབུད་བྱེད་དགོས་དོན་མེད། ངས་རང་ཉིད་ཡང་དག་པ་ཡིན་བརྗོད་ཀྱི་མེད། ཁྱེད་རང་ཚོས་བརྟག་དཔྱད་ཀྱིས༸རྒྱལ་བ་རིན་པོ་ཆེས་ག་རེ་གསུང་གི་འདུག ག་རེ་བྱེད་ཀྱི་འདུག འདས་པའི་ལོ་བཅུས་རིང་ག་རེ་བྱས་འདུག ལོ་བཞི་བཅུའི་རིང་ག་རེ་བྱས་འདུག ལོ་ལྔ་བཅུའི་རིང་ག་རེ་བྱས་འདུག དེ་དག་ལ་ཞིག་འཇུག་ཡག་པོ་བྱས་ན་ཤེས་ཀྱི་རེད། ཤེས་སོང་ངམ།

གཅིག་ནས་ངས་བོད་བསྟན་སྲིད་ཀྱི་དོན་ལ་བསམ་བློ་བཏང་སྟེ་བྱས་པ་དང༌། གཉིས་ནས་ངོས་རང་ཁ་ཐབས་སྐྱོ་ནའང་༸རྒྱལ་བ་ལྔ་པའི་བཞུགས་ཁྲིའི་སྟེང་༸རྒྱལ་བ་ལྔ་པའི་སྐུ་ཕྲེང་གི་མིང་ཞིག་འཛིན་ནས་བསྡད་ཡོད་པས་བོད་བསྟན་ཆབ་སྲིད་ཀྱི་འགན་འཁུར་ཐུབ་ཀྱི་མེད་ནའང་ངའི་མཇིང་པའི་སྟེང་བབ་ཡོད་པ་དང༌། བོད་རྒྱ་ཆེ་མི་མང་ནས་ཀྱང་ང་ལ་བློས་འགེལ་གྱི་ཡོད་པ། སོ་སོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་བཅས་ཀྱི་ཐོག་ནས་འགན་ཁུར་དེ་ངའི་ཐོག་ཏུ་བབས་ཡོད་དུས། འགན་འཁུར་འདི་དང་རྗེས་སུ་འབྲེལ་བའི་ལས་ཀ་མ་བྱས་པར་ང་ཚོའི་དཔེ་ལ་ཡོད་པ་བཞིན། ཞལ་ཟས་ཁྱིས་འཁྱེར་ཡང་འཛུམ་ཤིག་ཤིག་དང༌། ལྷ་ཁང་ལ་མེ་ཤོར་ཡང་འཛམ་ཤིག་ཤིག་ཟེར་བ་ལྟ་བུ་བྱས་ན་འགྲིགས་ཐབས་མེད་པས་བཤད་རྒྱུ་འདི་ངའི་ལས་འགན་ཡིན། ཉན་དང་མི་ཉན་ཁྱེད་རང་ཚོའི་ལག་པར་ཡོད། བོད་ཀྱི་བསྟན་སྲིད་ཀྱི་དོན་ལ་ངོས་ནས་ལོ་ནས་ལོ་སྦྲེལ་ཏེ་བླ་མ་གོང་མ་ཚོས་གསུངས་པའི་རྣམ་ཐར་དང༌། ང་རང་གི་དངོས་བྱུང་ཉམས་མྱོང་སོགས་གནས་ཚུལ་མང་པོ་ཞིག་དང་འབྲེལ་ཏེ་ངོས་ནས་ལས་ཀ་འདི་བྱ་རྒྱུར་ཐག་བཅད་པ་ཡིན། ལས་ཀ་འགོ་བཙུགས་པའི་རྗེས་ལ་མཇུག་སྐྱེལ་དགོས་པ་ནི་ཆོས་ཉིད་ཡིན། དེ་ལྟར་རྒྱུ་མཚན་ལྡན་པའི་ལས་ཀ་འགོ་བཙུགས་པ་འདི་མཐའ་སྐྱེལ་རྒྱུ་ལས། སྤྱི་མ་སྤོམ་ལ་འཇོག་ཐབས་མེད། དེ་སྔོན་ངོས་ནས་སྒེར་སོ་སོས་བསྟེན་ན་འགྲིགས་ཀྱི་རེད། སྤྲོས་པ་ཆེན་པོ་མ་བྱེད་ཅེས་བརྗོད་ཡོད་ཀྱང༌། དེ་དག་ནུས་པ་མ་ཐོན་པའི་སྐབས་ལ་ད་ཆ་ཤུགས་ཆེ་རུ་མ་བཏང་ན་འགྲིགས་ཀྱི་མི་འདུག གཞན་དག་ངོས་ལ་ཐག་གཅོད་ནུས་པ་ཐོན་པ་བྱེད་ཡས་མེད། དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་ལག་པ་རེད། འོན་ཀྱང་དོལ་རྒྱལ་བསྟེན་ཕྱིན་ཆད་ངའི་ས་ནས་དབང་ཞུ་བ་དང་སྡོམ་པ་ཞུ་བ་འགྲིགས་ཀྱི་མ་རེད་ཅེས་ངོས་ནས་ལོ་གཉིས་ཀྱི་གོང་ཐག་བཅད་པ་ཡིན།

ངས་ཐག་གཅོད་བྱས་པ་འདི་ལ་རྒྱ་ཆེའི་མང་ཚོགས་རྒྱ་གར་ནང་སྡོད་མཁན་དང༌། བལ་ཡུལ་ནང་སྡོད་མཁན། སུད་སི་ཁུལ་སྡོད་མཁན་སོགས་གང་ལྟར་བོད་མི་སེར་སྐྱ་མཆོག་དམན་མེད་པ་མང་ཆེ་བས་ང་ལ་ཡིད་ཆེས་དང༌། བློས་གཙང་མ་བཀལ་ཏེ་ངས་བཤད་པར་ཉན་འཇོག་བྱས་ཡོད། ཁ་ཤས་ནི་དོལ་རྒྱལ་ལ་ཞེད་ཀྱིན་ཞེད་ཀྱིན་ལ་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བར་བརྟེན་མཚམས་འཇོག་བྱས་པ་དང༌། ཁ་ཤས་ཀྱི་བླ་མ་དང་ཆོས་སྐྱོང་གཉིས་ཀྱི་ནང་ནས་བླ་མ་གལ་ཆེ་བ་ལས་ཆོས་སྐྱོང་གལ་ཆེ་གི་མ་རེད་ཅེས་གང་ལྟར་ངས་བཤད་པ་ལ་ཡིད་ཆེས་བློས་འགེལ་གནང་པར་ཧ་ཅང་དགའ་པོ་བྱུང༌། ཚང་མར་ཐུགས་རྗེ་ཆེ་བརྗོད་ཀྱི་ཡིན། དེ་བཞིན་མི་མང་ནས་ཀྱང་ཧུར་ཐག་བྱས་བྱུང༌། བལ་ཡུལ་ནང་སྡོད་མཁན་ཁྱེད་རང་ཚོས་ལངས་ཕྱོགས་བརྟན་པོ་བཟུང་སྟེ་༸རྒྱལ་བ་རིན་པོ་ཆེར་བོད་སྤྱི་བའི་འགན་ཡོད་པ་ལྟར་འགན་འཁྱེར་མཁན་ཞིག་གིས་ཤ་ཚའི་ཐོག་ནས་ཕན་ཐོགས་བྱུང་ན་བསམ་སྟེ་བཤད་པར་ངོས་འཛིན་གསལ་པོར་བྱས་ནས་ཁྱེད་རང་ཚོས་མཚམས་འཇོག་བྱས་པར་ང་རང་དགའ་བོ་བྱུང༌། ཐུགས་རྗེ་ཆེ་ཞེས་བརྗོད་ཀྱི་ཡིན། རེ་ཟུང་ནི་ཁག་ཡོད་པ་མ་རེད། ཀླད་པ་ཧ་ཅང་མཁྲེགས་པོ་བྱེད་པ་དེ་ལ་རྒྱུ་མཚན་གཞན་དག་མེད་དམ་སྙམ་གྱི་འདུག དེ་འདྲའི་ཐོག་ནས་བར་སྐབས་སྐད་ཆ་བཤད་པ་དང༌། ཡིག་ཆའི་ནང་མང་པོ་ཡོད། ང་ལ་ཁྱད་རྩ་བ་ནས་མེད། ཕྱོགས་གཅིག་ནས་གཏམ་བརྗོད་རང་དབང་རེད། ག་རེ་བཤད་ནའང་སོ་སོའི་ལག་པ་རེད་ཁྱད་པར་གང་ཡང་མེད།

ང་རང་སྒེར་གྱི་ངོས་ལ་ཆ་བཞད་ན་སྐྱོན་བརྗོད་དང་སྨ་འབེབས་བྱེད་མཁན་ཡོང་དུས་གློ་བུར་གྱི་བསམ་བློའི་ནང་ཁྱད་མཚར་འདི་འདྲ་རང་ཤོད་ཡང་གང་འདྲ་ཡིན་ནམ་བསམ་པ་དྲན་གྱི་འདུག་ཀྱང༌། བསམ་བློ་ཞིབ་ཏུ་གཏོང་དུས་བཟོད་པའི་རྟེན་ཡག་པོ་ཞིག་ཡོང་གི་འདུག ཨ་ཙི་དེ་དག་ནི་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་སོང་བ་ཡིན་པས་གང་ཡང་ཡོད་པ་མ་རེད། ང་རང་གི་ངོས་ནས་མི་གཞན་ལ་སྤྱོད་འཇུག་ཤོད་ཀྱི་ཡོད། སྤྱོད་འཇུག་ཤོད་མཁན་རང་ཉིད་ལ་རྐྱེན་འཕྲད་ཡོང་དུས་བཟོད་པ་བསྒོམ་མ་ཐུབ་ན། ངས་སྤྱོད་འཇུག་བཤད་པ་རྫུན་དུ་འགྲོ་གི་རེད། འདི་ནི་སྤྱོད་འཇུག་ནང་གསུངས་པ་ལྟར་བཟོད་པའི་ཉམས་ལེན་བྱེད་པའི་གོ་སྐབས་ཡག་པོ་ཡིན་བསམ་ནས་ཧུར་ཐག་བྱེད་ཀྱི་ཡོད། སེམས་འཁྲུག་གི་མི་འདུག་ལ། སེམས་མ་སྐྱིད་པའང་ཡོང་གི་མི་འདུག དཔེར་ན་ན་ནིང་འདིར་དགེ་སློང་མི་གསུམ་བསད་པ་རེད། གསོད་སྟངས་ལ་ཆ་བཞག་ན་བཚན་ཉིད་སློབ་དཔོན་གྱི་གཟུགས་པོར་གྲི་བཅུ་དྲུག་བརྒྱབ་ཡོད་པ་དང༌། སྐེ་བྲེགས་པ་བཅས་དེ་དག་ནི་ཧ་ཅང་ཐབས་སྐྱོ་བོ་རེད། གློ་བུར་ཁོང་ཁྲོ་དང་ཞེད་སྣང་ཡང་བྱུང༌། བསམ་བློ་གཉིས་པ་ཞིག་གཏོང་དུས་ཆག་སྒོ་སྙིང་རྗེ་བསམ་པ་དང༌། རྒྱ་མི་གུང་ཁྲན་གྱིས་དེ་འདྲ་བྱས་པ་ཡིན་ན་ཧ་ལས་རྒྱུ་གང་ཡང་མེད། གལ་ཏེ་ནང་པ་ཞིག་དང་དེའི་ནང་ནས་དགེ་ལུགས་པ་ཡིན་བརྗོད་མཁན། དེའི་ནང་ནས་ཀྱང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རྗེས་འབྲངས་ཡིན་བརྗོད་མཁན་གྱི་མིས༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཞབས་འདེགས་བསྒྲུབ་པ་དང༌། ཞེན་ཁོག་བྱེད་ཁུལ་བྱས་པ་ཞིག་ཡིན་ན། སྐྱབས་རྗེ་རིན་པོ་ཆེ་ཞལ་བཞུགས་ཡོད་ཚེ་ཐུགས་ཕམ་ཇི་ཙམ་ཡོང་རྒྱུ་ཡིན་པ་ཤེས་གསལ་རེད། ས་གནས་རྒྱ་གར་ཉེན་རྟོག་པས་ཞིག་འཇུག་གནང་བ་བརྒྱུད་ལག་དམར་བ་དྲུག་པོ་དོལ་རྒྱལ་བསྟེན་མཁན་ཡིན་པ་དང༌། མི་བཞི་ངོ་རྟགས་ཆོད་པ་ལྟར་འཛིན་བཟུང་ཐུབ་ཐབས་གནང་བཞིན་པ་རེད།

རྨོངས་པ་ཆགས་སྡང་རགས་པའི་གཞན་དབང་དུ་སོང་བ་འདི་འདྲའི་ཐབས་སྐྱོ་བ་ལ་ཨང༌། སྙིང་རྗེ་བསམ་སྟེ་སྙིང་རྗེ་ཆེན་པོ་ཞིག་སྐྱེད་བྱུང༌། དེ་མ་ཐག་ཁོང་ཁྲོ་ཞི་ཞིང་ཞེད་སྣང་ཡང་མི་འདུག ཁྱེད་རང་ཚོ་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས། ༸རྒྱལ་བ་རིན་པོ་ཆེ་ཕལ་ཆེར་སངས་ཀྱི་བསྟན་པའི་དགྲ་བོ་རེད་མདོག་མདོག་དང༌། དེའི་ནང་ཚན་ནས་དགེ་ལུགས་པའི་བསྟན་པའི་དགྲ་བོ་རེད་མདོག་མདོག་ཤོད་མཁན་ཡོད་ཀྱང་ང་ལ་ཁྱད་པར་རྩ་བ་ནས་མེད། ང་རང་གི་ངོས་ནས་རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཐེབས་ཆག་ཅིག་ཡིན་བསམ་ནས་ཧུར་ཐག་བྱེད་ཀྱི་ཡོད། མི་གཞན་གྱི་ག་རེ་བརྗོད་ཀྱང་བརྗོད། ང་རང་གི་ངོས་ནས་ནོར་ཡོད་ན་མི་ཚང་མང་བསྟོད་བསྔགས་བཏང་ནའང་ཕན་ཐོགས་མེད། ང་རང་གི་ངོས་ནས་ནོར་མེད་ན་མི་གཞན་གྱི་ག་རེ་བརྗོད་ཀྱང་ང་ལ་ཁྱད་པར་རྩ་བ་ནས་མེད། སྤྱིར་བཏང་ཁྱད་པར་གཅིག་ཡོད་པ་ནི་ད་ལྟ་ང་ཤི་ན་འཕྲལ་སྒང་བོད་གཞིས་བྱེས་གཉིས་ཀྱི་ནང་ཧ་ཅང་སེམས་པ་མ་སྐྱིད་པ་ཡོང་རྒྱུ་དང༌། ལས་ཀ་གནད་སྨིན་པོ་བྱེད་མི་ཐུབ་པའི་འགལ་རྐྱེན་ཆེན་པོ་ཞིག་ཆགས་ནས་ནུས་ཤུགས་ཉམས་པ་ལྟ་བུ་ཡོང་གི་རེད། ཡིན་ནའང་མི་རིགས་གཅིག་གི་འཐབ་རྩོད་འདི་བོད་མིརིགས་ཀྱི་མུ་མཐུད་མཇུག་བསྐྱལ་རྒྱུ་ལས་མཚམས་འཇོག་རྩ་བ་ནས་བྱེད་ཀྱི་མ་རེད། ཇི་སྲིད་བོད་ཀྱི་མི་རིགས་གནས་པ་དེ་སྲིད་དུ་བོད་རང་དབང་གི་འཐབ་རྩོད་འདི་གནས་ཀྱི་རེད། ཅེས་བཀའ་སྩལ་བ་དང༌། དེ་རྗེས་བོད་དོན་འཐབ་རྩོད་ལ་དམིགས་ནས་ཐོག་མར་སློབ་གྲྭ་གསར་འཛུགས་གནང་བའི་ལོ་རྒྱུས་བཀའ་སྩལ་སོང་བ་བཅས།།

Menu