ཟླ་བ་ ༡༠ ཚེས ༢ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་དུས་ཆེན་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་།  ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག  བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཆེ་རིང་མཆོག  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས་ཚོགས་བཅར་བ་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར།

སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་དུས་ཆེན་ངོ་སྤྲོད་དང་སྦྲགས་གསུང་དོན། དེ་རིང་ནི་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་ ༡༤༩ འཁོར་བའི་ཉིན་མོ་ཞིག་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་ཞིག་ཡིན་སྟབས། ང་ཚོ་བོད་མིར་མཚོན་ན་བོད་ཀྱི་བདེན་པའི་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད།  འཛམ་གླིང་ཁྱོན་དུ་ཞི་བདེའི་དཔལ་ཡོན་གྱིས་ཡོངས་སུ་ཁྱབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

གཞན་ཡང་ཟླ་ ༡༠ ཚེས་ ༢ དེ་བཞིན་རྒྱ་གར་གཞུང་གིས་གཙང་བཟོའི་ལས་འགུལ་Swachh Bharat Abhiyaan  ཞེས་སྤེལ་བཞིན་ཡོད་པར་བརྟེན། འདི་ག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ཀྱིས་གངས་སྐྱིད་ཀྱི་ས་ཁུལ་དང་། ཇོ་གི་ཝ་ར། རྡ་སྟེང་བོད་ཁྱིམ་ཁུལ་གྱི་ས་ཁུལ་བཅས་སུ་གཙང་བཟོའི་ལས་ཁུལ་སྤེལ་བཞིན་ཡོད།

ཕྱོགས་མཚུངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་མཚོན་ན་བོད་མི་ཚོས་གཞིས་ཆགས་ཉེ་འགྲམ་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་བཅས་སུ་གཙང་བཟོའི་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  སྤྱིར་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ལྷག་པར་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཚིག་རྩམ་གྱི་ཐོག་ནས་ཐུགས་རྗེ་ཆེ་ཞུས་པ་ཙམ་མིན་པར་ངོ་ཐོག་ལག་ལེན་ཐོག་ནས་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་གང་ཐུབ་སྤེལ་བ་བརྒྱུད་ཁ་ཞེ་གཉིས་མཚུངས་སྒོ་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཞུ་ཐུབ་པ་བྱུང་ན་དོན་དམ་གྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་ཆགས་ཐུབ་རྒྱུ་རེད། ཅེས་གསུངས།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་སྐུ་པར་མདུན་དུ་སྣང་གསལ་ཞལ་ཕྱེ་དང་སྦྲགས་མཇལ་དར་ཕུལ། དེ་ནས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་མངར་ཟས་འདེགས་འབུལ་ཞུས་ནས་དེ་ཉིན་གྱི་མཛད་སྒོ་སྲུང་བརྩི་ཞུས་འདུག་པ་བཅས།།

Share with your friends










Submit