ཟླ་བ་ ༡༠ ཚེས ༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༠ ཚེས་ ༢ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ ཉིན་རྡ་ས་མེག་གན་ཁྲོམ་གཞུང་ས་ཚིགས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་སྐུ་མགྲོན་གཙོ་བོ་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་གཞོན་པ་སྐུ་ཞབས་པྲ་བྷཱ་ཅའོ་དེ་རི་ Prabha Chaudharyལགས།  དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇཱ་ཡ་སིངྒ་མན་ཀོ་ཊི་ཡ་Ajay Singh ལགས། དེ་བཞིན་ས་གནས་དཔོན་རིགས་ཁག་གཅིག་བཅས་ཀྱིས་མེས་པོ་དམ་པ་གཱན་དྷི་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གཙང་བཟོའི་ལས་འགུལ་Swachh Bharat Abhiyaanདབུ་འཛུགས་གནང་འདུག

སྤྱིར་དེ་རིང་ནི་བདག་ཉིད་ཆེན་པོ་གཱན་དྷི་མཆོག་སྐུ་འཁྲུངས་ནས་མི་ལོ་ ༡༥༠ འཁོར་བ་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། དེ་ཡང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་Narendra Modi མཆོག་གིས་ ༢༠༡༤ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གར་གཙང་བཟོའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། ལོ་ལྟར་ལས་འགུལ་འདིའི་ནང་རྒྱ་གར་མི་འབོར་ཐེར་འབུམ་གཅིག་ལྷག་ཀྱིས་ཁོར་ཡུག་སོགས་གཙང་བཟོའི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད། དེར་བརྟེན་ད་ཐེངས་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་རྒྱ་གར་ཁྱོན་དུ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་གཙང་བཟོའི་ལས་འགུལ་སྤེལ་བཞིན་ཡོད། 

གོང་ཚེས་ཉིན་རྡ་ས་མེག་གན་དུ་ཚོགས་པའི་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་དོན། “༢༠༡༨ ལོ་འདི་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་ཡོད། དེར་བརྟེན་ལོ་འདི་ཁོར་མོར་ལས་འགུལ་འདྲ་མིན་སྤེལ་བ་བརྒྱུད་བོད་མི་བཙན་བྱོལ་བ་རྣམས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པའི་བཀའ་དྲིན་བསམ་ཤེས་ཐོག་ཐེངས་འདིར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དི་PM Modi མཆོག་གིས་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་ཐོག་མར་དབུ་འཛུགས་གནང་བའི་རྒྱ་གར་གཙང་བཟོའི་ལས་འགུལ་ Swachh Bharat Abhiyaan ནང་ཆ་ཤས་བླང་བ་བརྒྱུད་ཁ་ཞེ་གཉིས་མེད་ཐོག་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། རྒྱ་གར་ནི་བོད་མི་བཙན་བྱོལ་བ་རྣམས་ལ་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་སྟབས་ཧ་ཅང་བཀའ་དྲིན་ཆེན་པོ་རེད།” ཅེས་གསུངས། 

ཕྱོགས་མཚུངས་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་གཞོན་པ་སྐུ་ཞབས་པྲ་བྷཱ་ཅའོ་དེ་རི་ Prabha Chaudharyལགས་ཀྱིས་ “ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་གནང་བར་ང་ཚོས་འཚམས་འདྲི་ཞུ་རྒྱུ་ཡིན། ལས་འགུལ་འདི་ནི་རྒྱ་གར་ནང་ལས་འགུལ་ལམ་ལྷོངས་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད། དེར་བརྟེན་བོད་མི་ཚོས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་ཕྱར་གྲུ་མཉམ་འདེགས་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད། “ཅེས་གསུང་པ་དང་སྦྲགས་བདག་ཉིད་ཆེན་པོ་གཱན་དྷི་མཆོག་སྐུ་འཚོ་བཞུགས་སྐབས་འཚེ་མེད་ཞི་བའི་ལས་འགུལ་སྣེ་ཁྲིད་པ་ཙམ་མ་ཟད། རྒྱུན་ལྡན་ཁོར་ཡུག་གཙང་བཟོ་དང་གྲོང་གསེབ་ཡར་རྒྱས་ཐོག་ཐུགས་ཁུར་ཆེ་བཞེས་གནང་ཡོད་སྐོར་སོགས་གསུངས། 

མཛད་སྒོའི་མཐའ་མར་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་དང་བསྟུན་གཙང་བཟོའི་ལས་འགུལ་དབུ་འཛུགས་གནང་ཡོད་པ་བཅས།

Share with your friends










Submit