ཟླ་བ་ ༡༠ ཚེས ༡༡ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།

༄༅། །རྒྱ་ནག་ནང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ལ་ཞིབ་འཇུག་གནང་བའི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ་བ་རྗེས་མ་ཕྱི་ཟླ་ ༡༡ འགོ་སྟོད་དུ་གནང་གཏན་འཁེལ་ཡོད་པ་དང་། དུས་བཀག་བསྐྱར་ཞིབ་ཚོགས་འདུ་སླེབ་ལ་ཉེ་བའི་སྐབས་འདིར། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་དང་། རྒྱ་ནག་ནས་དེ་སྔ་དུས་བཀག་བསྐྱར་ཞིབ་ཐེངས་གཉིས་པའི་སྐབས་ཁས་ལེན་བྱས་པ་ཁག་ལག་བསྟར་དོན་འཁྱོལ་བྱུང་མེད་པའི་གནད་དོན་དེ་དག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ཁྲོད་ལ་དོ་སྣང་དང་གོ་རྟོགས་སྤེལ་གནང་འདུག

དེ་ཡང་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་བོད་དང་། ཡུ་གུར། ཧོང་ཀོང་སོགས་ཀྱི་གནད་དོན་ཐོག་ལས་འགུལ་སྤེལ་བཞིན་པའི་ཚོགས་པ་སྡེ་ཚན་ཁག་དང་། མཁས་དབང་། ཤེས་ཡོན་ཅན་སོགས་མི་སྣ་མང་དག་མཉམ་ཞུགས་ཀྱིས་ལྷན་ཚོགས་གནང་ཞིང་། སྐབས་དེར་Tibet Advocacy Coalition ཞེས་པའི་བོད་དོན་ལས་འགུལ་མཐུན་ཚོགས་ཀྱི་འཐུས་ཚབ་པདྨ་སྒྲོལ་མ་ལགས་ཀྱིས་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གསལ་འདོན་གནང་བ་མ་ཟད། དེང་སྐབས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་ལ་ལྟ་སྲུང་སོགས་སྲིད་བྱུས་དམ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་ཐོག་དབང་སྒྱུར་དང་ལྟ་སྲུང་ཤུགས་ཆེ་རུ་བཏང་བ་མ་གཏོགས་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མིན་ཞེས་གསུངས་འདུག

ཚོགས་འདུའི་ཐོག་གོང་ཞུས་བོད་དོན་ལས་འགུལ་མཐུན་ཚོགས་ནས་ཞུ་སྐུལ་གནང་དོན་གཙོ་བོ་ཁག་ནི། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་བོད་མི་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཡིན་ལུགས་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་ལུགས་ཉེས་འཛུགས་བྱས་ནས་རྒྱ་གཞུང་ནས་གང་བྱུང་འཇུ་བཟུང་གིས་མཚོན། སྡིགས་ར་བཏང་བ་དང་སྡུག་སྦྱོང་མནར་གཅོད། གར་སོང་ཆ་མེད་དུ་གཏོང་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པ་དང་། བོད་མི་རྣམས་འདོད་མོས་མེད་བཞིན་དུ་འབྲོག་ས་ནས་གཞིས་སྤོ་བྱེད་བཅུག་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ། དེ་བཞིན་བོད་ནང་གི་བོད་མི་ཚོར་བོད་ནང་ཕར་ཚུར་འགྲོ་བསྐྱོད་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་པ་དེ་ཚོ་མཚམས་འཇོག་བྱེད་དགོས་པ་སོགས་ཞུས་འདུག

ཕྱོགས་མཚུངས་ཐེངས་སྔ་མའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་རྒྱ་ནག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་གཙོ་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམས་ལ་བོད་དང་ཡུ་གུར་ས་གནས་ཁག་ལ་ཕེབས་རྒྱུར་ཆོག་མཆན་འབུལ་རྒྱུ་ཡིན་ལུགས་ངོས་ལེན་བྱས་ཡོད་ཀྱང་། དེ་ལྟར་དངོས་སུ་ལག་ལེན་ལ་འཁེལ་མེད་པའི་གནད་དོན་དེའི་སྐོར་ཡང་པདྨ་སྒྲོལ་མ་ལགས་ཀྱིས་གླེང་གནང་བ་དང་སྦྲགས། ཟླ་བ་རྗེས་མར་ཚོགས་གཏན་འཁེལ་བའི་བསྐྱར་ཞིབ་ཚོགས་འདུའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་གནད་དོན་དེ་ངེས་པར་གླེང་སློང་གནང་དགོས་སྐོར་གསུངས་འདུག

སྤྱིར་ཟླ་བ་རྗེས་མའི་ནང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལྷན་འཛོམས་ཐོག་རྒྱ་ནག་གིས་གཙོས། དབུས་ཕྱོགས་ཨ་ཕི་རི་ཀའི་སྤྱི་མཐུན་རྒྱལ་ཁབ། ཀོན་གྷོ། Congo,མ་ལེ་ཤི་ཡ། Malaysia, མལ་ཏ། Malta,མོ་རེ་ཤེ་སི། Mauritius, མེཀ་སོ་ཁོ། Mexico, མོ་ན་ཀོ། Monaco,ནའེ་ཇི་རི་ཡ། Nigeria, སའུ་དི་ཨ་ར་བྷི་ཡ། Saudi Arabia, སི་ནི་གྷལ་Senegal ལ་སོགས་པའི་རྒྱལ་ཁབ་སོ་སོའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཆགས་ཡོད་པ་ཞིབ་འཇུག་གནང་རྒྱུ་ཡིན་པ་རེད། །

Share with your friends










Submit