ཟླ་བ་ ༡༠ ཚེས ༡༡ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་༡༡ རེས་གཟའ་ཕུར་བུ། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་གཞུང་འབྲེལ་ལས་དོན་རྣམས་རེ་ཞིག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ཉིན་སི་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷི་ར་ཐི་སི་ལ་ཝ་ Bratislava ནང་ཐེངས་དང་པོ་ཕེབས་འབྱོར་གྱིས་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ལུ་སི་ཡ་དུ་རི་སི་ Lucia Duris Nicholsonova མཆོག་དང་ཐུག་འཕྲད་གནང་ཡོད།

དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ཡང་སྒོས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཡོད། སི་ལོ་ཝ་ཀི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ལུ་སི་ཡ་མཆོག་གིས་བོད་ཀྱི་གནད་དོན་ཐད་ཐུགས་འཚབ་གནང་གི་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་སི་ལོ་ཝ་ཀི་ཡའི་ཡུལ་གྲུ་ནང་ག་དུས་ཕེབས་པ་ཡིན་ནའང་དགའ་བསུ་ཡོད། ཅེས་གསུངས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་སི་ལོ་ཝ་ཀི་ཡའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་དང་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བོད་རྒྱ་ཆེ་མི་མང་གི་ཚབ་ཞུས་ཏེ་ཚོགས་གཞོན་ལྕམ་ལུ་སི་ཡ་མཆོག་ལ་བཀའ་ཤག་གི་ཐུགས་རྗེ་ལེགས་འབུལ་གྱི་དྲན་རྟེན་ལེགས་སྐྱེས་ཤིག་ཕུལ་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་འཐུས་མི་དང་སི་ལོ་ཝ་ཀི་ཡའི་ཡར་ཐོན་ཆབ་སྲིད་ཚོགས་པའི་ The Progressive Slovakia political party ཚོགས་མི་སྐུ་ཞབས་མར་ཊིན་ Martin Poliačik ལགས་ཀྱིས་སྣེ་ཁྲིད་པའི་སི་ལོ་ཝ་ཀི་ཡའི་གྲོས་འཐུས་མི་ཝི་སི་ཀུ་པི་ཁི་Jozef Viskupič ལགས་དང་། གྲོས་ཚོགས་འཐུས་མི་ཌོ་སི་ཊལ་  Ondrej Dostál ལགས། གྲོས་ཚོགས་འཐུས་མི་ཝེ་ར་ Viera Dubačová ལགས་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཐུག་འཕྲད་ཀྱིས་བོད་དོན་སྐོར་གསུང་བཤད་གནང་དོན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བསལ་བློ་ནི། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ཡིན་ཞིང་། དེ་ནི་དོན་དངོས་སུ་མང་གཙོ་མེད་པའི་ཆབ་སྲིད་ཚོགས་པ་གཅིག་གི་དབང་སྒྱུར་ཞེས་པ་དེ་རེད།

ཁྱེད་ཚོས་རྒྱ་ནག་འགྱུར་བཅོས་གཏོང་གི་ཡིན་ནམ། ཡང་ན་རྒྱ་ནག་གིས་ཁྱེད་ཚོ་འགྱུར་བཅོས་གཏང་གི་རེད། དེ་གཉིས་འདེམས་ཀ་ལྟ་བུ་རེད། འཛམ་གླིང་ནང་ལུང་པ་གཞན་གྱི་ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ནང་བོད་དོན་སྐོར་གླེང་སློང་བྱེད་སྐབས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད། དེའི་རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རེད།

རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་ནི། སི་རི་ཡ་ Syria ཡིན་ཞིང་། གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་འཁོད་འདུག  དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ Reporters without Borders  ཀྱིས་སྙན་ཐོ་བཏོན་པ་ལྟར་ན།   གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ North Korea ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པོ་ཡོད་པ་འཁོད་འདུག   བོད་ནང་ད་བར་བོད་མི་ ༡༥༢ ཀྱིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དུས་རྟག་ཏུ་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།


གསེར་རྟ་བླ་རུང་སྒར་དུ་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་བཞིན་པའི་དགེ་བཙུན་དང་མི་སྐྱ་ཕོ་མོ་སོགས་ཁྱོན་མི་གྲངས་ ༡༠༠༠༠ ཡོད་པའི་ཁྲོད་ནས་གྲངས་ཚད་ཕྱེད་ཀ་ ༥༠༠༠ ཉུང་དུ་བཏང་བ་དང་། དེ་བཞིན་ཡ་ཆེན་སྒར་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ནས་དགེ་བཙུན་ཞལ་གྲངས་ ༢༠༠༠ ཉུང་དུ་བཏང་ཡོད། རྒྱ་གཞུང་གིས་བླ་རུང་སྒར་དུ་གཏོར་བཤིག་བཏང་བའི་རྐྱེན་གྱིས་བཙུན་མ་རང་ཤི་སྐྱོན་མཁན་བྱུང་ཡོད། 

རྒྱ་གཞུང་གིས་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད།གཏེར་ཁ་སྔོག་འདོན་དང་ཆུ་མཛོད་བརྒྱབ་པའི་རྐྱེན་གྱིས་བོད་མཐོ་སྒང་གི་ཆུ་ལ་བརྟེན་ནས་འཚོ་བཞིན་པའི་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡. ༤ ཡི་འཚོ་བ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་སླེབས་ཡོད། ཅེས་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་སྐོར་གསུང་དོན། བོད་མི་མང་གི་ཞི་བདེ་དང་ཡར་རྒྱས་ལ་ཁ་གཡར་ནས་རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོ་པ་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས།

བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་བོད་རང་གི་མི་རིགས་དང་ངོ་བོའི་ཐོག་ལ་རྒྱ་ཤུགས་ཆེན་པོ་ཡོད། དཔེར་ན་བོད་མི་ཚོས་རེས་གཟལ་ལྷག་པ་ནམ་ཡིན་ལ་ཕྱུ་པ་དང་བོད་བཟོ་སྟོད་ཐུང་གྱོན་གྱི་ཡོད་པ་དང་བོད་མི་ཚོར་སེམས་ཤུགས་ཧ་ལས་པ་ཡོད།  རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན། བཙན་བྱོལ་ནང་གི་མི་རབས་གསར་པའི་གཞོན་སྐྱེས་ཚོར་དེང་རབས་ཤེས་ཡོན་ལེགས་པར་སྤྲད་ཐུབ་ཡོད།   

དབུ་མའི་ལམ་གྱི་སྲིད་བྱུས་འདིས་བོད་རང་བཙན་བསྐྱར་གསོ་བྱས་ཏེ་ཁ་བྲལ་འགྲོ་རྒྱུའི་མཐའ་དང་ད་ལྟའི་བོད་ནང་གི་དྲག་གནོན་གྱི་གནས་སྟངས་རང་འཇགས་སྡོད་རྒྱུའི་མཐའ་གཉིས་ཀྱི་དབུས་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་སྟབས། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན།  བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ། གྲོས་མོལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་མཚུངས་རེད།  འཛམ་གླིང་གི་དཀའ་རྙོག་སེལ་བར་ཐབས་ལམ་གཉིས་ཡོད་དེ། དཔེར་ན་བོད་ཀྱི་ཐབས་ལམ་ནི་འཚེ་མེད་ཞི་བ་དང་། ཞི་བདེ། གྲོས་མོལ་བཅས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། གཞན་དེ་ནི་དྲག་པོའི་ཐབས་ལམ་རེད། གལ་ཏེ་ཁྱེད་ཚོས་བོད་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་མ་གནང་ཚེ། ཁྱེད་ཚོས་དྲག་པའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟོན་གྱིན་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཞུགས་སྒར་རྡ་སར་ཕེབས་རོགས་གནང་། ཞེས་ཞུས་ཡོད།

དགོང་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སི་ལོ་ཝ་ཀི་ཡའི་རང་དབང་གསར་ཁང་གྲགས་ཅན་ཌེ་ནི་ཀི་ Denik ཞེས་པའི་གསར་འགོད་པའི་བཅར་འདྲི་ལ་དང་ལེན་གྱིས་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང་། མི་རིགས་དབྱེ་འབྱེད། དཔལ་འབྱོར་བཤུ་གཞོག ཆོས་དང་རིག་གཞུང་། ཁོར་ཡུག་སོགས་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་སྐོར་གསུངས་ཡོད་པ་དང་བཅས། །

Share with your friends










Submit