ཟླ་བ་ ༩ ཚེས ༡༤ ༢༠༡༨
Published By ngawang thokmey

ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།

 

༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་ནས་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཉིན་གཉིས་པའི་སྐབས་སྔ་དྲོ་ཐོག་མར་བོད་མི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པས་སྐར་མ་ ༨ རིང་ལས་ཁུངས་སོ་སོའི་ལས་དོན་སྙིང་བསྡུས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་ཚོགས་འདུའི་བརྗོད་གཞིའི་སྙིང་དོན་འགྲེལ་བརྗོད་གནང་།
དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་བརྗོད་གཞི་དང་པོ་གཙོ་སྐྱོང་བ་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་གནང་སྐབས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་མ་འདེང་པའི་དཀའ་ངལ་དང་། སྤྱི་སེམས་དང་འགན་ཁུར། གཞན་ཕན་གྱི་བསམ་བློ་ཡོད་ཚེ་རྙོག་གྲ་གཞན་རྣམས་རང་ཤུགས་ཀྱིས་མེད་པ་ཆགས་རྒྱུ་དང་། སྤྱི་སེམས་ཞེས་པའི་ཐ་སྙད་དེའང་བོད་མིའི་ཐུན་མིན་རིག་གཞུང་ལས་གྲུབ་པའི་ཐ་སྙད་ཞིག་ཡིན་སྟབས་སྐད་ཡིག་གཞན་ནང་ཐ་སྙད་དེ་མཚུངས་ཤིག་རྙེད་དཀའ་ཚུལ་སོགས་གསུངས། དེ་བཞིན་སྤྱི་ཚོགས་ཁྲོད་དགོན་སྡེ་གྲྭ་ཚང་ཙམ་མིན་པར་མང་ཚོགས་དང་། སློབ་གྲྭ་སོགས་ནང་སེམས་ཁམས་རིག་པ་དང་། བློ་སྦྱོང་། སྒོམ་སྒྲུབ་ཉམས་ལེན་དེ་དག་སློབ་འཁྲིད་གནང་འགོ་འཛུགས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་གསུངས། 

དེ་ཡང་ཚོགས་འདུའི་གསོལ་ཇའི་བར་གསེང་སྐབས་འདི་གའི་གསར་འགོད་པས་བརྗོད་གཞིའི་སྐོར་གྱི་དྲི་བར་དགེ་བཤེས་ལགས་ཀྱིས་ལན་འདེབས་གནང་དོན།
“ཚོགས་འདུ་འདིའི་གྲོས་གཞི་གཅིག་ལ་བོད་ཀྱི་རིག་གཞུང་སྐོར་བགྲོ་གླེང་གནང་རྒྱུ་རེད། དེའི་སྐབས་དགོངས་འཆར་དང་གྲོས་གཞི་མང་པོ་ཞིག་གི་ནང་ང་ཚོར་རིག་གཞུང་གང་ཡོད་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཐོག་སྲོལ་རྒྱུན་གྱི་དགོན་སྡེ་དང་བཤད་གྲྭ་ཁག་གི་ནང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་དང་མང་ཚོགས་ནང་ང་ཚོའི་རིག་གཞུང་གི་ནང་དོན་དུ་གྱུར་བའི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་སློབ་གསོ་སྤྲོད་སྟངས། དེ་དང་འབྲེལ་བའི་ཐོག་ནས་ཤེས་ཡོན་ནང་བོད་པའི་རིག་གཞུང་དང་འབྲེལ་བའི་སློབ་གསོ་སྤྲོད་སྟངས། སྒྱུ་རྩལ་ལ་སོགས་པ་དེ་ཚོའི་ཐོག་ནས་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། ད་བར་གང་ཡོད་པ་དེ་དག་མི་ཉམས་པ་དང་བཟོ་ལས་སྒྱུ་རྩལ་གྱི་བརྒྱུད་པ་མི་ཉམས་པ་བྱེད་རྒྱུ། གལ་ཆེན་པོ་ཞིག་ལ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་སྐད་ཡིག་ཕྱུག་ཏུ་གཏོང་རྒྱུ། དེ་བཞིན་གང་ཡོད་པ་དེ་མི་ཉམས་རྒྱུན་འཛིན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐོག་ལ་གནང་དང་གནང་བཞིན་པ་རེད། “ཅེས་ལན་འདེབས་གནང་།

དེ་ནས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་གོ་རྟོགས་ཐད་གསུང་བཤད་གནང་བའི་སྙིང་དོན། དེང་དུས་རྒྱལ་སྤྱི་དང་བོད། རྒྱ་ནག་བཅས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་དེ་དག་བསྟུན་ནས་ང་ཚོས་བསྟུན་འགྱུར་བྱེད་ཐུབ་པ་དགོས་གལ་ཆེ། བསྟུན་འགྱུར་བྱེད་བརྗོད་སྐབས་མགོ་འབུལ་ལུས་འབུལ་བྱེད་ནས་རང་གི་རིག་གཞུང་ལ་བདག་གཅེས་མ་བྱས་པ་དེ་འདྲ་མིན་པར་སོ་སོའི་ཐུན་མིན་རིག་གཞུང་དེ་དག་དུས་ཀྱི་འཕེལ་རིམ་དང་བསྟུན་ནས་འགྲོ་ཐུབ་དགོས་པ་གལ་ཆེན་པོ་རེད། ངས་ལྔ་དང་ལྔ་བཅུ་ཞེས་རྣ་བར་ཐོས་སྐབས་ཛ་དྲག་པོ་ཞིག་ལ་གོ་བཞིན་འདུག  ལྔ་དང་ལྔ་བཅུ་འདི་གནད་འགག་ཆ་ཅང་ཆེན་པོ་མཐོང་བྱུང་།  ང་ཚོ་མི་སྒེར་ལ་སེམས་ཁོང་དུ་ཆུད་པའི་ན་ཚ་  depression ཡོད་པ་ལྟར་སྤྱི་ཚོགས་ནང་དུའང་སེམས་ཤུགས་མེད་པར་གོ་རྒྱུ་ཚོར་རྒྱུ་མེད་པ་ཞིག་ཆགས་ན་སྤྱི་ཚོགས་དེ་ཉིད་སེམས་ཁོང་དུ་ཆུད་པའི་ན་ཚ་དེ་ན་རྒྱུ་རེད།  དེ་འདྲ་བྱུང་ན་སྤྱི་ཚོགས་དེ་གཡོ་འགུལ་གཏོང་མ་ཐུབ་མཁན། ལས་ཀ་བྱེད་མ་ཐུབ་མཁན། ནུས་པ་མེད་མཁན་དེ་འདྲ་ཞིག་ཆགས་སྐབས་ཉེན་ཁ་ཧ་ཅང་ཆེན་པོ་རེད། དེར་བརྟེན་སྤྱི་ཚོགས་ནང་སྤྱི་སེམས་ཡོད་མཁན་དང་ལས་ཀ་བྱེད་ཐུབ་མཁན་དེ་འདྲ་དགོས་པ་རེད། ངས་བསམ་འཆར་གཅིག་ཞུས་ན། བརྗོད་གཞིའི་ནང་ཨིན་སྐད་ vision དང་ resilience ཞེས་པའི་ཚིག་དེ་དག་ཨིན་སྐད་ནས་བོད་སྒྱུར་བྱས་པ་རེད་འདུག ངས་འདིར་སྐྱོན་བརྗོད་གང་ཡང་བྱེད་ཀྱི་མེད། ང་ཚོ་འདིར་ཡར་རྒྱས་གཏོང་རྒྱུའི་སྐད་ཆ་ཤོད་བཞིན་ཡོད་སྟབས་ལྷག་བསམ་ཐོག་ནས་ཞུ་བཞིན་ཡོད། ང་ཚོའི་སྤྱི་ཚོགས་ནང་དང་ཐོག་ཡིག་ཆ་ཕལ་ཆེ་བ་ཨིན་ཡིག་ནང་བྲིས། དེ་ནས་བོད་ཡིག་ནང་ཕབ་སྒྱུར་བྱ་རྒྱུའི་ན་ཚ་ཞིག་ཡོད། བོད་པའི་རིག་གཞུང་དངོས་གནས་ཉར་དགོས་ན། འབྲི་ཐུབ་མཁན་མེད་ནའང་མར་བཀའ་གནང་ཡག་དེ་དག་བོད་སྐད་ཐོག་གསུང་ཐུབ་པར་བརྟེན་འབྲི་ཐུབ་མཁན་ཡག་པོ་ཞིག་ལ་འབྲི་བཅུག་ནས་བོད་པ་རང་གི་བསམ་བློའི་ཐོག་ནས་ནས་བཏང་ཡོད་ན་ངས་ནུས་པ་ཧ་ཅང་ཐོན་རྒྱུ་རེད་བསམས་བཞིན་འདུག

ད་ལྟ་འདིར་འགྲིག་མི་འདུག་རྩ་བ་ནས་བརྗོད་ཀྱི་མེད། ཡར་རྒྱས་ལ་མཐའ་མེད།  རིག་གཞུང་དང་རིག་གནས་བརྗོད་སྐབས་ནང་བསམ་བློའི་ཁྱད་ཆོས་ལ་གཙོ་བོ་གོ་དགོས་པ་ལས་ཕྱིའི་རྣམ་འགྱུར་དེ་དག་གཙོ་བོ་མིན།  ཞེས་དང་། ཡང་མུ་མཐུད་གསུང་དོན། དེང་སང་གཞུང་སྒེར་མང་ཆེ་བས་ནང་ཁུལ་ཡིག་འབྲེལ་གནང་སྐབས་ཨིན་ཡིག་ཐོག་ནས་གནང་བཞིན་འདུག དེ་འདྲ་བྱེད་ཚེ་རིག་གཞུང་ཇི་ལྟར་འཛིན་ཐུབ་བམ། བོད་མི་ནང་ཁུལ་ཡི་གེ་གཏོང་སྐབས་བོད་ཡིག་ནོར་བ་ཕྲན་བུ་བྱུང་མིན་ལ་མ་ལྟོས་པར་ངེས་པར་དུ་བོད་ཡིག་རང་གི་ཐོག་ནས་འབྲི་ཐུབ་ཚེ་རིམ་བཞིན་ཡར་རྒྱས་འགྲོ་ངེས་པ་རེད།  འདིའི་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབད་བརྩོན་གནང་རོགས།  རྒྱ་གྲོང་ China Town ལ་སླེབ་སྐབས་དངོས་གནས་ཕྱིའི་རྣམ་པའི་ཐོག་ནས་རྒྱ་ནག་ལ་སླེབས་པ་ལྟ་བུ་འདུག ང་ཚོས་ཀྱང་ཟ་ཁང་དང་ཚོང་ཁང་།  དེ་བཞིན་ཚོགས་སྡེ་སོ་སོའི་ལས་ཁུངས་སོགས་ནང་བོད་ཡིག་བེད་སྤྱོད་ངེས་པར་བྱེད་དགོས་འདུག ཅེས་སོགས་གསུངས།

དེརྗེས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ལ་གསུང་བཤད་གནང་། དེ་ནས་བཙུན་མ་བློ་བཟང་བདེ་ཆེན་ལགས་ཀྱིས་བོད་ཀྱི་ནང་ཆོས་ཐོག་གསུང་བཤད་གནང་རྗེས་ཨེ་མཱ་མར་ཊིན་ Dr. Emma Martin ལགས་ཀྱིས་འགྲེམས་སྟོན་དང་རིག་གཞུང་བསྟི་གནས་ཀྱི་སྐོར་གསུང་བཤད་གནང་།
མཐར་སྨན་ཤརྭ་བློ་གྲོས་ལགས་ཀྱིས་སྒྱུ་སྩལ་རིག་གཞུང་གི་ཐོག་ལ་གསུང་བཤད་གནང་།
དེ་ནས་ཉིན་དང་པོའི་བརྗོད་གཞི་གཉིས་པའི་གཙོ་སྐྱོང་བ་ཀརྨ་ཆུང་བདག་ལགས་ཀྱི་གཙོ་སྐྱོང་འོག་འཇམ་དབྱངས་རྒྱལ་མཚན་ལགས་ཀྱིས་ཤེས་ཡོན་སྤུས་ཚད་ཐོག་གསུང་བཤད་གནང་གྲུབ་ཚེ་བོད་ཁྱིམ་སེ་ལ་ཁུའི་སློབ་སྤྱི་འབྲུག་ཚེ་རིང་ལགས་ཀྱིས་སློབ་གྲྭ་དང་སློབ་གྲྭའི་ནང་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་སྐོར་གསུང་བཤད་གནང་།
དེ་རྗེས་སུ་ཇ་བོད་ཁྱིམ་སློབ་གྲྭའི་རྒན་བསྟན་འཛིན་དར་རྒྱས་ལགས་ཀྱིས་སྤྱི་ཚོགས་དང་མི་འབོར་གྱི་ཐོག་ལ་གསུང་བཤད་གྲུབ་བསྟུན། ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་གསུང་བཤད་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཁྱད་ལས་པ་གསོ་སྐྱོང་གནང་ཕྱོགས་ཐོག་གསུང་བཤད་གནང་།
ཕྱེད་ཡོལ་ཆུ་ཚོད་ ༣།༤༥ ཐོག་བརྗོད་གཞི་གསུམ་པའི་ཚོགས་འདུའི་གཙོ་སྐྱོང་སྨན་པ་དཀོན་མཆོག་བཙོན་འགྲུས་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར་གསུང་བཤད་གནང་ཡོད། དེ་རྗེས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འཕྲོད་བསྟེན་གྱི་གདོང་ལེན་ཞེས་པའི་བརྗོད་གཞི་ཐོག་ལ་གསུང་བཤད་གནང་བསྟུན་༸སྐུའི་བླ་སྨན་ཞབས་ཞུ་བ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་བརྗོད་གཞི་ཐོག་གསུང་བཤད་གནང་འདུག
རྒྱ་གར་བ་Prachi Maheshwari ལགས་ཀྱིས་འཕྲོད་བསྟེན་ལམ་ལུགས་དང་མཐུན་འགྱུར་གྱི་བརྗོད་གཞི་ཐོག་གསུང་བཤད་གྲུབ་མཚམས་སྐུ་ཞབས་ Vikas Dagar ལགས་ཀྱིས་ནུས་པ་གོང་སྤེལ་ཐོག་གསུང་བཤད་གནང་རྗེས་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་ཞབས་ཞུའི་དཔེ་མཚོན་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
མཐར་ཚོགས་འདུའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གཏམ་བཤད་ཁག་ལེགས་པར་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་སྟེ་ཉིན་གཉིས་པའི་ཚོགས་འདུ་རྒྱལ་ཁ་ངང་ནས་གྲོལ་ཡོད།

བཙུན་མ་བློ་བཟང་བདེ་ཆེན་ལགས།

དེ་ཡང་འདི་གའི་གསར་འགོད་པས་ཀརྨ་ཆུང་བདག་ལགས་བོད་མིའི་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
ཞེས་དྲི་བ་ཕུལ་བར་ཀརྨ་ཆུང་བདག་ལགས་ཀྱིས། “ཤེས་ཡོན་ཡར་རྒྱས་གཏོང་བར་ང་ཚོས་བརྗོད་གཞི་ལྔ་གཏན་འབེབས་བཟོས་ཡོད། དེ་དག་ནི། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ཡར་རྒྱས་དང་། དགེ་རྒན་གྱི་སྤུས་ཚད་ཡར་རྒྱས། ཤེས་ཡོན་སྲིད་བྱུས་ལག་བསྟར་གཏོང་ཕྱོགས། ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ཚོར་གསོལ་ཕོགས་དང་། མཐུན་རྐྱེན། ཆེ་མཐོང་སོགས་ཀྱི་སྐོར་བཀའ་མོལ་བྱུང་སོང་། ད་དུང་ཡིན་ནའང་ཚོགས་ཆུང་གི་ཚོགས་འདུའི་སྐབས་སུ་བསམ་འཆར་ཏན་ཏན་ཡོང་གི་རེད། སྤྱི་ཚོགས་ནང་ནས་ཀྱས་ཤེས་ཡོན་ཐོག་དོ་སྣང་ཤུགས་ཆེན་པོ་གནང་གི་ཡོད་པ་གསལ་པོ་རེད། དེ་ཚོའི་གྲས་ཧ་ཅང་གཟི་བརྗིད་དང་གོམས་པ་མདུན་སྤོ བྱེད་པའི་རྣམ་འགྱུར་རེད།“ ཅེས་གསུངས།

༸སྐུའི་བླ་སྨན་པ་རྣམ་གཉིས།

Share with your friends










Submit