ཟླ་བ་ ༩ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།

མལ་མོ་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་ལྷན།

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་མང་ཚོགས་དང་མཐོ་སློབ། གསར་འགོད་པ། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་བཀའ་སློབ་དང་མཇལ་ཁ་སོགས་མཛད་འཆར་ཁག་རེ་ཞིག་ལེགས་པར་གྲུབ་བསྟུན་ཉེ་འགྲམ་ནེ་དར་ལེན་ཌི་ཡུལ་དུ་ཆིབ་སྒྱུར་བསྐྱངས་འདུག

དེ་ཡང་སུ་ཝི་ཌེན་ལྷོ་ངོས་གྲོང་ཁྱེར་མལ་མོར་ཉིན་མཐའ་མའི་མཛད་འཆར་སྐྱོང་སྐབས་ཏེ་ཕྱི་ཚེས་ ༡༣ ཉིན་ཐོག་མར་མལ་མོ་མཐོ་སློབ་ཏུ་རིས་མེད་བཟང་སྤྱོད་སྐོར་བཀའ་སློབ་སྩལ་རྗེས་ཕྱེད་ཡོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་Scandinavian television ཞེས་པའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བའི་གསར་འགྱུར་ལས་རིམ་གཙོ་སྐྱོང་བ་གྲགས་ཅན་སྐུ་ཞབས་ཕེ་རེ་ཌི་རིག་སི་ཀབ་ལན་ Fredrik Skavlan ལགས་ཀྱི་དྲི་བར་བཀའ་ལན་སྩལ།

སྐུ་ཞབས་ཕེ་རེ་ཌི་རིག་སི་ཀབ་ལན་ Fredrik Skavlan ལགས།

སྐབས་དེར་གསར་འགོད་པས་ཐོག་མར་༸གོང་ས་མཆོག་ལ་སྔ་དྲོ་༸སྐུ་བཞེངས་གྲུབ་མཚམས་མཛད་འཆར་གཙོ་བོ་གང་ཡིན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྔ་དྲོ་ཡར་༸སྐུ་བཞེངས་མཛད་རྗེས་དང་ཐོག་མགོན་པོ་གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པར་བརྟེན་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བསྟོད་ཕྱག་མཛད་སྐོར་དང་།  དེ་རྗེས་སེམས་ཅན་གཞན་ལ་མཐའ་མེད་པའི་སྙིང་རྗེའི་ཉམས་ལེན་ཐོག་སྒོམ་བསྐྱོན་གནང་མཛད་པ་མ་ཟད། ཆོས་རྣམས་ཀྱི་དོན་དམ་གནས་ལུགས་སྟོང་པ་ཉིད་ཀྱི་གནས་སྟངས་ལ་དཔྱད་སྒོམ་བསྐྱོན་གནང་མཛད་པ་དང་། ཏཱ་ལའི་བླ་མ་ཞེས་པའི་གང་ཟག་རང་རྐྱ་བ་ཞིག་བློར་འཆར་བ་ལྟར་ཡོད་མེད་དཔྱད་པ་མཛད་སྐོར་སོགས་དང་།

བོད་མི་བཙན་བྱོལ་བ་རྣམས་ལ་ཤེས་ཡོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས་བོད་པའི་སློབ་གྲྭ་ཟུར་འཛུགས་བྱས་པ་ཙམ་མ་ཟད། ལྷག་པར་དགོན་སྡེ་ཁག་གི་ནང་བཙུན་མས་མཚོན་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལྡན་པའི་མཁས་དབང་སྐྲུན་ཐབས་དང་། དེ་བརྒྱུད་རྒྱ་གར་ནས་དར་བའི་བོད་བརྒྱུད་ནང་བསྟན་མུ་མཐུད་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་སློབ་ཁྲིད་གནང་བཞིན་ཡོད་སྐོར་བཀའ་ལན་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་༸སྐུ་གཞོན་ནུའི་སྐབས་རྩེད་ཆས་རིགས་ལྷུ་བཤིག་སྟེ་འཕྲུལ་ཆས་དེ་དག་ལས་ཀ་བྱེད་སྟངས་ལ་ཞིབ་འཇུག་མཛད་རྗེས་སླར་ཡང་རང་འཇགས་བསྒྲིགས་གནང་མཛད་པ་མ་ཟད།  གློག་བརྙན་སྟོན་བྱེད་འཕྲུལ་འཁོར་ཡང་སྐབས་རེ་ལྷུ་བཤིག་ནས་རྗེས་སུ་རང་འཇགས་བསྒྲིགས་གནང་མཛད་མྱོང་ཡང་ལག་ཐོག་ཁ་པར་ད་བར་མེད་སྐོར་བཀའ་ལན་སྩལ།

ལྕམ་སྐུ་ཇོ་ཧན་ན་སལ་ཌར་Johanna Saldert ལགས།

དེ་རྗེས་གསར་འགོད་པས་འཆི་བར་ཐུགས་སྐྲག་སྣང་མཛད་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། འཆི་བ་ནི་མི་ཚེའི་ཆ་ཤས་ཤིག་ཡིན། གང་དུ་སྐྱེ་བ་ཡོད་པ་དེར་འཆི་བ་ཡོད། ངོས་རང་འཆི་རྒྱུར་སྐྲག་སྣང་གང་ཡང་མི་འདུག ང་ཚོས་སྐྱེ་བ་སྔ་ཕྱི་འདོད་ཀྱི་ཡོད། ལྷག་པར་ཉིན་ལྟར་འཆི་བའི་རིམ་པ་རྣམས་སྒོམ་བཞིན་ཡོད། ཅེས་བཀའ་ལན་སྩལ།

དེ་རྗེས་སླར་ཡང་DI-Weekend ཞེས་བདུན་རེའི་གསར་ཤོག་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་ཇོ་ཧན་ན་སལ་ཌར་Johanna Saldert ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲི་བ་ཁག་གཅིག་ཞུས་པར་བཀའ་ལན་སྩལ་འདུག  དེ་ཡང་ཐོག་མར་གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལྟ་༸སྐུའི་གཅེན་པོ་དང་གཅུང་མོ་ཇི་ཙམ་སྐུ་འཚོ་བཞུགས་ཡོད་མེད་སྐོར་གྱི་དྲི་བར་བཀའ་ལན་སྩོལ་སྐབས་༸གོང་ས་མཆོག་གིས་སྤྱིར་འགྲོ་བ་མི་རིགས་ཡོངས་རྫོགས་ལ་སྤུན་མཆེད་ཀྱི་འདུ་ཤེས་འཛིན་བཞིན་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་མི་འདྲ་བའི་གནས་སྟངས་དེ་དག་རིམ་པ་གཉིས་པའི་གནས་སྟངས་ལ་གཟིགས་བཞིན་ཡོད་སྟབས་མི་སུ་འདྲ་ཞིག་དང་ཐུག་སྐབས་རང་བཞིན་གྱིས་ཐུགས་ཉེ་པོ་ཡོང་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ལ་དུས་ནམ་ཡང་གྲོགས་མེད་གཅིག་པུར་ལུས་པའི་ཐུགས་ཚོར་རྩ་བ་ཉིད་ནས་ཐུགས་རྒྱུས་ལ་འཁྲུངས་མྱོང་མེད་སྐོར་བཀའ་ལན་སྩལ། མཚམས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་དུས་ལ་བབ་ཚེ་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མ་འཁྲུངས་སྲིད་སྐོར་ཕ་རན་སིའི་གསར་འགོད་པ་ཞིག་ལ་བཀའ་སློབ་སྩལ་བ་ཐུགས་དྲན་གསོ་མཛད། འོན་ཀྱང་ད་ལྟའི་ཆར་འབྱུང་འགྱུར་ཏཱ་ལའི་བླ་མའི་བླ་བྲང་མུ་མཐུད་གནས་དགོས་དང་མི་དགོས་ཀྱི་གནད་དོན་ཐོག་ཐག་གཅོད་གཏན་འབེབས་གང་ཡང་བྱུང་མེད་པ་དང་། འདི་ལོའི་ཕྱི་ཟླ་བཅུ་གཅིག་ནང་གནད་དོན་དེའི་ཐད་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་བཅས་ཀྱི་བསྟན་བདག་བླ་ཆེན་ལྷན་ཚོགས་སྐབས་གནད་དོན་དེའི་ཐོག་བགྲོ་གླེང་མཛད་རྒྱུ་ཡིན་སྐོར་བཀའ་ལན་སྩལ།

ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུ་ཝི་ཌེན་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན་ཕྱི་ཚེས་ ༡༤ ཉིན་ཉེ་འགྲམ་ནེ་དར་ལེན་ཌི་ཡུལ་དུ་ཆིབ་སྒྱུར་བསྐྱངས་པ་བཅས།།

སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་ལ་ཡོད།

Share with your friends










Submit