ཟླ་བ་ ༩ ཚེས ༡༢ ༢༠༡༨
Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་སུ་ཝི་ཌེན་ Sweden གྱི་ལྷོ་ངོས་གྲོང་ཁྱེར་མལ་མོ་ Malmö ནང་༸ཞབས་སོར་བདེ་བར་འཁོད་འདུག

དེ་ཡང་མཛད་འཆར་ལྟར་ན་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བསྟུན།  སུ་ཝི་ཌེན་སྐྱོབ་གསོ་ཚོགས་པ་ Individuell Människohjälp ཞེས་པ་དེ་དང་། ཨིན་ཡུལ་སྐུ་ཚབ་དོན་ཁང་གཉིས་ཟུང་འབྲེལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གསར་འགྱུར་བརྒྱུད་ལམ་གཙོ་ཆེ་བ་གཉིས་ཀྱི་གསར་འགོད་པ་རྣམས་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག

དེ་རྗེས་སྐྱོབ་གསོ་ཚོགས་པའི་ Individuell Människohjälp གོ་སྒྲིག་འོག་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བདེ་སྐྱིད་ཀྱི་ཐབས་ལམ་དང་ཞི་བདེའི་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག དེ་ཡང་ཕྱི་ཚེས་ ༡༢ ཉིན་སྐྱོབ་གསོ་ཚོགས་པ་དེ་བཙུགས་ནས་ལོ་ངོ་ ༨༠ འཁོར་བའི་ཉིན་མོ་འཁེལ་བཞིན་ཡོད་སྟབས། ཐེངས་འདིར་གྱ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་གནང་བ་ཞིག་ཡིན་འདུག 

མང་ཚོགས་ལ་བཀའ་སློབ་གྲུབ་བསྟུན་ལྕམ་སྐུ་ཀ་ཊི་སི་ཨ་ཧི་སི་རམ་ Kattis Ahlström ལགས་ཀྱིས་གཙོ་སྐྱོང་འོག་དྲི་བ་དྲིས་ལན་མཛད་རྒྱུ་ཡིན་འདུག  སྤྱིར་སྐྱོབ་གསོ་ཚོགས་པ་དེས་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་ཞུས་གནང་འདུག

མཛད་འཆར་ཁག་གྲུབ་བསྟུན་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་ནེ་དར་ལེན་ Neitherland  གྱི་གྲོང་ཁྱེར་རོ་ཊར་ཌམ་ Rotterdam དུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག་པ་བཅས།

 

 

 

Share with your friends










Submit