ཟླ་བ་ ༩ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཐོག་མར་སུ་ཝི་ཌེན་Sweden ལྷོ་ངོས་སུ་ཆགས་པའི་གྲོང་ཁྱེར་མལ་མོའི་ Malmo ནང་བོད་མི་བརྒྱ་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་དྲུག་ཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།

ཁ་ཉིན་ངོས་རང་འདིར་འབྱོར་མཚམས་ཁོང་ཚོར་འདི་འདྲ་བརྗོད་རྒྱུ་བྱུང་། ངོས་རང་འདིར་འབྱོར་མཚམས་ཧ་ཅང་ཐང་ཆད་འདུག དེར་བརྟེན་འདིར་འབྱོར་མ་ཐག་ལམ་སང་གཟུགས་པོ་བཀྲུས་ནས་གཉིད་ཆུ་ཚོད་བཅུ་གཉིས་ཉལ་བ་ཡིན། དེ་སྔ་ངོས་ཀྱིས་གསུང་ཆོས་མང་པོ་ཞུ་ས་ཡོངས་འཛིན་སྟག་བྲག་རིན་པོ་ཆེ་མཆོག་སྐབས་དེར་དགུང་གྲངས་བདུན་ཅུའི་ནང་ཕེབས་ཡོད། ཡོངས་འཛིན་རིན་པོ་ཆེས་གཟིམ་ཁུག་རྒྱུར་ཁག་པོ་འདུག་ཅེས་བཀའ་གནང་མྱོང་ཡོད། འོན་ཀྱང་ངོས་ལ་དེ་འདྲའི་དཀའ་ངལ་མི་འདུག དེ་རིང་འདིར་ཁྱེད་རང་བོད་མི་ཚོ་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོ་ཐུག་པར་དགའ་པོ་བྱུང་། ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་པ་ནི། བོད་ཀྱི་གནད་དོན་འདི་དྲང་བདེན་གྱི་གནད་དོན་ཞིག་ཡིན་སྟབས་ཁྱེད་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ཞིག་ཆགས་ཡོད།

ང་ཚོས་འཚེ་མེད་ཞི་བའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད། ༡༩༧༤ ཙམ་ནས་ང་ཚོས་རང་བཙན་མ་རྩོད་པར་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཡོངས་རྫོགས་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་རྩོད་བཞིན་ཡོད།

དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཡོད། དེ་ཁྲོད་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ནང་ཆོས་ཚད་ལྡན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། བོད་ལ་གང་ལྗོངས་ཞེས་འབོད་བཞིན་པ་ལྟར་ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་ཕལ་མོ་ཆེའི་ཆུ་མགོ་ལྟ་བུ་ཆགས་ཡོད། ལྷག་པར་ས་གཤིས་དཔྱད་རིག་པ་ཚོས་གནའ་ཤུལ་ལ་དཔྱད་པ་བྱེད་སྐབས་བོད་མཐོ་སྒང་དུ་འགྲོ་བ་མི་ཆགས་ནས་ལོ་ངོ་སུམ་ཁྲི་ལྔ་སྟོང་ཆགས་ཡོད་པ་ར་སྤྲོད་ཐུབ་ཡོད།

ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ཐང་རྒྱལ་པོའི་སྲས་མོ་ཀོང་ཇོ་བཙུན་མོར་བཞེས། ཀོང་ཇོས་རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནི་སྐྱེས་ཀྱི་ཚུལ་དུ་གདན་དྲངས་ནས་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ། དེ་ནས་ཆོས་རྒྱལ་གྱིས་བལ་པོའི་རྒྱལ་པོའི་སྲས་མོ་བལ་བཟའ་ཁྲི་བཙུན་བཙུན་མོར་གདན་དྲངས། སྐྱེས་ཀྱི་ཆུལ་དུ་སྲས་མོས་བལ་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས་ནས་ཇོ་ཁང་དུ་བཞུགས་སུ་གསོལ་བ་རེད། དེར་བརྟེན་ལྷ་ཁང་དེ་དག་བོད་མི་ཚོས་ཧ་ཅང་རྩ་ཆེར་འཛིན་བཞིན་ཡོད།

དུས་སྐབས་དེའི་རིང་རྒྱ་གར་གྱི་ཡི་གེ་དཔེར་བླངས་ནས་བོད་ཀྱི་ཡིག་གཟུགས་ཡར་རྒྱས་ཚད་མཐོར་བཏང་ཡོད། དེ་ནས་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་དཔལ་ནཱ་ལེནྜའི་གཙུག་ལག་སློབ་ཁང་གི་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ནས་ནང་ཆོས་དར་སྤེལ་མཛད་ཡོད། དེ་ནས་ད་བར་བོད་བརྒྱུད་ནང་བསྟན་མུ་མཐུད་གནས་ཐུབ་ཡོད། བོད་བརྒྱུད་ནང་བསྟན་སློབ་སྦྱོང་བྱེད་དགོས་ན་ལོ་མང་པོར་དཀའ་ལང་བརྒྱག་དགོས། ལྷག་པར་ཚད་མ་རིག་པའི་རྣམ་གཞག་སོགས་རིག་ལམ་སྐོར་ལོ་མང་སློབ་གཉེར་བྱེད་དགོས།  ཚད་མ་རིག་པའི་རྣམ་གཞག་དེ་དག་གཙོ་བོ་རྒྱ་གར་གྱི་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་བརྩམས་ཆོས་བོད་སྐད་དང་བོད་ཡིག་ནང་ཆ་ཚང་ཡོད་པའི་གཞུང་དེ་དག་ལ་སློབ་གཉེར་བྱེད་དགོས། བོད་ཡིག་ནང་ཡོད་པའི་ནང་ཆོས་ཀྱི་གཞུང་དེ་དག་ཕལ་མོ་ཆེ་མཁན་ཆེན་ཞི་འཚོའི་བཀའ་ལྟར་ལེགས་སྦྱར་སྐད་ནས་བོད་སྒྱུར་ཞུས་པ་རེད། གཞུང་དེ་དག་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་རིང་གཅེས་ཉར་བྱས་ནས་ཡོད།

ངོས་ཀྱིས་ཉེ་ལམ་ཐའི་ལེན་ཌི་དགེ་འདུན་པ་ཞིག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་ལུང་ཙམ་ལ་བརྟེན་པའམ་ཡང་རིག་ལམ་ལ་བརྟེན་ནས་འཆད་གཉེར་བྱེད་མིན་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐེ་ཚོམ་མེད་པར་ལུང་ཙམ་ལ་བརྟེན་ནས་འཆད་གཉེར་བྱེད་བཞིན་ཡོད་པ་གསུང་བྱུང་། ལམ་སང་ངོས་ཀྱི་བསམ་བློའི་ནང་ང་ཚོ་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་མཁན་ཚོས་བདེན་བཞིའི་རྣམ་གཞག་དེ་དག་གཙོ་བོ་ལུང་ཙམ་གྱི་རྗེས་སུ་མ་འབྲང་པར་རིགས་པའི་ལམ་གྱི་ཐོག་ནས་རྒྱུ་མཚན་ལ་དཔྱད་པ་བྱེད་ནས་སློབ་གཉེར་བྱེད་བཞིན་ཡོད་བསམས་པ་དྲན་བྱུང་།

ང་ཚོས་གཙོ་ཆེར་དངོས་པོའི་གནས་ལུགས་ལ་རིགས་པའི་ལམ་དང་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད། རྒྱུ་མཚན་བཀོད་ནས་འགྲོ་བཞིན་ཡོད་སྟབས་དེང་སྐབས་ཚན་རིག་པ་དང་ལྷན་བགྲོ་གླེང་བྱེད་བདེ་བ་ཙམ་མ་ཟད། ཕྱོགས་གཉིས་ཀར་བློ་སྐྱེད་ཐུབ་སྤྲོད་ལེན་ཐུབ་པ་འདི་འདྲ་རེད།

གཞིས་ལུས་བོད་མིར་མཚོན་ན་དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་འོག་གནས་དགོས། རྒྱ་ནག་གཞུང་གིས་ལོ་ངོ་བདུན་ཅུའི་རིང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་དང་། བོད་མིའི་སྙིང་སྟོབས་རྩ་མེད་བཟོ་ཆེད་ཐབས་ཤེས་ཡོད་དགུ་རྩལ་སྐྲུག་བྱས་ཀྱང་ལམ་ལྷོངས་བྱུང་མེད། ཁོ་པ་ཚོས་འཆམ་མཐུན་དང་བརྟན་ལྷིང་ཤོད་བཞིན་ཡོད། དོན་དམ་འཆམ་མཐུན་དང་བརྟན་ལྷིང་ཞིག་ཡོང་དགོས་ན་ཡིད་ཆེས་སླེབས་པ་ཞིག་ཐོག་ནས་ཡོང་ཐུབ་པ་ལས་འཇིགས་སྣང་དང་དྲག་གནོན་འོག་ནས་འཆམ་མཐུན་དང་བརྟན་ལྷིང་ཡོང་ཟེར་བ་ཡོང་ཤེས་ཐབས་མེད། ཅེས་བཀའ་སློབ་སྩལ་མཐར་བོད་མི་རྣམས་ནི་རིགས་གསུམ་མགོན་པོས་རྗེས་སུ་འཛིན་བཞིན་ཡོད་པ་དང་།  ཕྱི་རྒྱལ་གནས་སྡོད་བོད་མི་ཚོས་རང་གི་ཕྲུ་གུར་བོད་སྐད་ངེས་པར་ཤེས་བཅུག་དགོས་པ་དང་།  བོད་སྐད་ཤེས་པ་ཡིན་ན་རང་བཞིན་གྱིས་བོད་ཀྱི་རིག་གཞུང་ལ་ཞེན་ཁོག་སྐྱེ་ཐུབ་སྐོར་བཀའ་སློབ་སྩལ།

སྐུ་པར་མཐུན་འགྱུར་གནང་མཁན་དགའ་ལྡན་ཕོ་བྲང་ཡིན། 

Share with your friends










Submit