ཟླ་བ་ ༨ ཚེས ༩ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ་ཉིན་མ་ཧ་རྴ་ཏར་མངའ་སྡེའི་གྲོང་སྡེ་ནག་པུར་དུ་རྟེན་གཞིས་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་རཇ་ཀུ་མར་ཀི་ཝལ་ར་མ་ནིའི་ Rajkumar Kewalramani School ཞེས་པའི་སློབ་གྲྭར་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཆེད་ཕེབས་གནང་ཡོད། 

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་མི་རྣམས་ལ་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་གནང་བ་མ་ཟད།  རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་གཏིང་ཟབ་ཡོད་པའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གཞིས་བྱེས་བོད་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ Little Scholar School ཞེས་པའི་སློབ་གྲྭས་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་མི་ཚེ་ལམ་ལྷོང་ལྡན་པ་ཡོང་བར་དཀའ་ལས་རྒྱག་དགོས་པ་དང་། སྤྱི་ཚོགས་ནང་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་བྱས་ནས་དཀའ་ངལ་ལ་མ་འཛེམས་པར་བརྩོན་འགྲུས་བྱེད་ཐུབ་ན་མི་ཚེ་དོན་སྙིང་ལྡན་པ་ཡོང་སྐོར་དང་། དཔལ་ལྡན་སྲིད་སྐྱོང་མཆོག་རང་ཉིད་སྒེར་གྱི་མི་ཚེའི་ཉམས་མྱོང་དང་འབྲེལ་ནས་གསུང་བཤད་གནང་ཡོད།

དེ་རིང་ཚེས་ ༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་CMR University དུ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།། 

Share with your friends










Submit