ཟླ་བ་ ༨ ཚེས ༡༠ ༢༠༡༨
Published By Kalsang Gyatso

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག   བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།  འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། པདྨ་བདེ་ལེགས་ལགས། མི་འགྱུར་རྡོ་རྗེ་ལགས། བསམ་གཏན་ཆོས་སྒྲོན་ལགས། ཚེ་རིང་གཡུ་སྒྲོན་ལགས།  ལྷོ་སྤྱི། དེ་བཞིན་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀུ་མ་ར་སི་ཝ་མེ་མཆོག་གིས་གཙོས་སྤྱི་ཁྱབ་དྲུང་ཆེ་བྷ་སི་ཀ་ར་ T M Vijaya Bhaskara ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཁག་གཅིག ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སོགས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་སོགས་ཕེབས་ཡོད།

དེ་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་ཞུས་པ་དང་སྦྲགས། སྐྱབས་གནས་དགེ་འདུན་གྱི་སྡེ། དེ་བཞིན་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀུ་མ་ར་སི་ཝ་མེ་ H.D.Kumaraswamy མཆོག་གིས་དབུས་པས་གཞུང་གི་གནད་ཡོད་མི་སྣ་དང་སྐུ་མགྲོན་རྣམ་པ་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བའི་སྔར་གྱི་གྲོགས་པོ་རྙིང་པ་རྣམས་དྲན་གསོ་དང་བདག་པོ་རྒྱག་དགོས་པ་ལྟར་ཞོར་ལ་གྲོགས་པ་ོགསེར་པ་འཚོལ་དགོས་ཞེས་བཀའ་སློབ་ལམ་སྟོན་སྩལ་བ་གཞིར་བཞག་ཐོག   བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༨ ལོ་འདི་བཞིན་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད། ང་ཚོས་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་ལྟར་མཛེས་སྡུག་ལྡན་པའི་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་ཡིན། རྒྱ་གར་གཞུང་མང་དང་ཀ་ན་ཊ་ཀ་མངའ་སྡེ་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ད་ལྟ་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་ཡོད། དེར་བརྟེན་གོ་སྐབས་འདི་བརྒྱུད་ངས་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་ང་ཚོར་དམིགས་བསལ་སྐུ་མགྲོན་ཞིག་ཡོད། ཁོང་ནི་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་ནི་ཇཱ་ལིང་ག་པཱ་ Chief Minister S. Nijalingappa མཆོག་གི་བུ་ཀི་རན་ཞན་ཀར་ S.N.Kiran Shankar ལགས་རེད།
སྐུ་ཞབས་ཀི་རན་ཞན་ཀར་ལགས་ཀྱི་ཕ་དམ་པ་ནི་ཇཱ་ལིང་ག་པཱ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༥༦ ལོར་མཇལ་འཕྲད་གནང་བ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཤོར་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་འབྱོར་བའི་སྐབས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་ནི་ཇཱ་ལིང་ག་པཱ་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། མངའ་སྡེ་འདིའི་ནང་གི་བཙན་བྱོལ་བོད་མི་རྣམས་ལ་ས་ཆ་ཕོན་ཆེན་པོ་ཞིག་གནང་ཡོད། དེར་བརྟེན་ངས་དམིགས་བསལ་གྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་ནི་ཇཱ་ལིང་ག་པཱ་མཆོག་གིས་གཙོས་ཤུལ་ལུས་ནང་མི་ཡོངས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀུ་མ་ར་སི་ཝ་མེ་མཆོག་གིས་གཙོས་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་ཀ་ན་ཊ་ཀ་མངའ་སྡེ་ནང་གི་བཙན་བྱོལ་བོད་མི་རྣམས་ལ་ས་གནས་ཡུལ་མི་དང་གཅིག་མཚུངས་ལྟར་གང་ཅིའི་ཐད་ནས་མཐུན་འགྱུར་རོགས་རམ་གང་ཐུབ་གནང་དང་གནང་མུས་ལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཧ་ལ་ནེ་རུ Jawaharlal Nehru མཆོག་དང་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་ Atal Bihari Vajpayeeji མཆོག དེ་བཞིན་ད་ལྟ་སྲིད་བློན་ལས་ཐོག་ན་རནྡྲ་མོ་དི་ Narendra Modi མཆོག་གིས་གཙོས་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གང་ཐུབ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་འབྱོར་བ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་ཧྲ་ཏག་ཏག་གནས་ཐུབ་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཀྱང་འཕེལ་རྒྱས་སུ་ཕྱིན་ཡོད།

ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་དང་བཙུན་དགོན་བརྒྱ་ཆ་ ༩༨ རྩ་གཏོར་དུ་བཏང་བ་མ་ཟད། དགེ་འདུན་པ་དང་བཙུན་མ་བརྒྱ་ཆ་ ༩༩་༩ སྐྱ་སེར་ཕེབས་སུ་བཅུག་པ་རེད། ཕྱིས་སུ་བོད་པ་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་སྐབས་ས་དང་གནམ་མ་གཏོགས་ངོ་ཤེས་གྲོགས་པོ་མེད། བཙན་བྱོལ་བོད་མི་རྣམས་ཀྱིས་ནང་ཆོས་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་ནང་སླར་གསོ་གནང་ཐུབ་ཡོད། བོད་ནང་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་ཡོད། ད་བར་བོད་མི་ ༡༥༢ ཀྱིས་རང་ལུས་མེར་སྲེག་བཏང་བ་རེད། རྒྱ་གཞུང་གིས་མུ་མཐུད་བོད་ཀྱི་གཏེར་ཁ་སྔོག་འདོན་དང་ཁོར་ཡུར་གཏོར་བཤིག དཔལ་འབྱོར་བཤུ་གཞོག་གཏོང་གི་ཡོད་པ་མ་ཟད། མི་རིགས་དབྱེ་འབྱེད་དང་བོད་ཀྱི་སྐད་ཡིག་བེད་སྦྱོད་གཏོང་མ་ཆོག་པ་བཟོ་བཞིན་ཡོད། བོད་མི་རྣམས་རང་གི་ས་ཐོག་ཏུ་གྲངས་ཉུང་མི་རིགས་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །

 

Share with your friends










Submit