ཟླ་བ་ ༨ ཚེས ༡༠ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལ་ོ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྦེང་ལོར་ཁྲིམས་ལུགས་རིག་པའི་གཙུག་ལག་སློབ་གཉེར་ཁང་དང་ཚོང་རིག་བསྟི་གནས་ཁང་གི་དགེ་ལས་སློབ་ཕྲུག་ཁྱོན་གྲངས་ ༥༠༠ ཙམ་ལ་འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། འཕགས་བོད་གཉིས་ཀྱི་དབར་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་གང་ཅིའི་ཐད་ཐུན་མོང་མིན་པའི་འབྲེལ་བ་གཏིང་ཟབ་ཡོད་པའི་སྐོར་དང་། རྒྱ་གར་ནས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ཇི་ལྟར་དར་ཚུལ།    བོད་ནི་ཨེ་ཤ་ཡའི་ནང་གི་རྒྱུག་ཆུ་ཆེ་ཁག་གི་འབྱུང་ཁུངས་ཡིན་པ་དང་། ཨེ་ཤི་ཡ་ཁྱོན་ཡོངས་ནས་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བ་བོད་ཀྱི་གཙང་པོ་དང་འབྲེལ་བ་ཆགས་ཡོད་སྐོར

དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་དང་། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ད་ལྟའི་འཛམ་གླིང་གི་གནས་སྟངས་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་བོད་ཀྱི་གནད་དོན་དེ་འབྲེལ་བ་ཧ་ཅང་ཡོད་པ་ནི་དཔེར་ན།   གོ་ལའི་གནམ་གཤིས་ཐོག་བོད་མཐོ་སྒང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་ནས་འཐོན་བཞིན་པའི་ལག་ཐོག་ཁ་པར་རིན་གོང་ཆུང་ཆུང་དེ་དག་གི་རྒྱུ་ཆ་ལི་ཏི་ཡམ་ Lithium རྣམས་བོད་ཀྱི་གནས་རི་རྩ་ཆེན་དེ་དག་ནས་གཏེར་ཁ་སྔོག་འདོན་བྱས་པ་ལས་འཐོན་བཞིན་ཡོད་སྐོར།
རྒྱ་གར་གྱི་སྲིད་བློན་མི་དི་མཆོག་གིས་རྒྱ་གར་ནང་འཛུགས་སྐྲུན་དགོས་པའི་ལས་འགུལ་ Make in India སྤེལ་བཞིན་པ་ལྟར། བོད་མིའི་འཐབ་རྩོད་ནི་རྒྱ་གར་ནང་འཛུགས་སྐྲུན་བྱུང་བ་ཞིག་ཡིན་ཞེས་བརྗོད་ཆོག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མཐོ་སློབ་ཀྱི་ཉེ་བའི་རིག་བདག་དང་ལྦེང་ལོར་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པས་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་པ་བཅས།། 
Share with your friends










Submit