ཟླ་བ་ ༨ ཚེས ༩ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༧ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་སྦྲགས་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སུ་ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་གཞིའི་ཐོག་གཞིས་མི་རྣམས་ནས་མཉམ་ཞུགས་གནང་བར་བསྔགས་བརྗོད་དང་འབྲེལ་མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་དུ་ནང་པ་སངས་རྒྱས་པའི་ཆོས་ནི་སེམས་ཀྱི་ཚན་རིག་ཡིན་ཞེས་བཀའ་སློབ་ཕེབས་བཞིན་ཡོད་སྐོར་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱིས་མིའི་མི་ཚེའི་ནང་དཀའ་ངལ་འདྲ་མིན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བསླབ་བྱ་སྤྲོད་བཞིན་ཡོད་སྐོར་གསུངས་གནང་འདུག་པ་མ་ཟད། 
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་མིའི་གོམས་གཤིས་བཟང་པོ་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་སྩོལ་བཞིན་ཡོད་པ་ལྟར། མི་རབས་རྒན་པ་རྣམས་ནས་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་བཞག་གནང་བའི་བྱས་རྗེས་དེ་དག་མི་རབས་གཞོན་པ་རྣམས་ནས་མུ་མཐུད་བདག་གཉེར་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་གནང་འདུག

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེ་ལས་གཞི་ཁག་ཏེ་བོད་མིའི་སུད་ཚོང་བ་རྣམས་ལ་སྐྱེད་འབབ་ཕྲན་བུའི་ལམ་ནས་བུན་གཡར་གྱི་ལས་གཞི་དང་། དེ་བཞིན་གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་རྣམས་ལ་བུན་གཡར་གྱི་ལས་གཞི་སྐོར་ངོ་སྤྲོད་དང་། ཕྱི་ལོ་ ༢༠༡༩ ལོའི་ནང་སློབ་ཡོན་བུན་གཡར་ལས་གཞི་ཞིག་ཀྱང་སྤེལ་འཆར་ཡོད་སྐོར་གསུངས་གནང་འདུག  གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ འོག་ས་ཞིང་བོག་གཏོང་གི་ལས་གཞི་སྐོར་དང་། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་ལོག་པར་བྱས་ནས་བོད་ཀྱི་གནད་དོན་ཞུ་སྐུལ་ཐད་འགོག་རྐྱེན་བཟོ་བཞིན་ཡོད་པ་དེས་རྒྱལ་སྤྱིའི་སྟེང་བོད་དང་རྒྱ་ནག་སྐོར་གླེང་སློང་དང་གོ་རྟོགས་རྒྱ་ཆེ་རུ་འགྲོ་ཡོད་དང་། བོད་ཀྱི་རྩ་དོན་སླད་བོད་མི་རྣམས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མཐུན་སྒྲིལ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔ་འགྱུར་སྒྲུབ་བརྒྱུད་ཆོས་འཕེལ་གླིང་དང་། གཞིས་དགོན་ཐེག་ཆེན་གླིང་། སམ་བྷོ་ཊ་ཉིན་སློབ། ས་གནས་སྨན་ཁང་། དེ་བཞིན་རྒས་གསོ་ཁང། འབྲས་ཀྱི་བཟོ་གྲྭ་བཅས་སུ་འཚམས་གཟིགས་གནང་ཡོད། འབྲས་ཀྱི་བཟོ་གྲྭ་དེ་ཉིད་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་པ་དང་། ཕྱི་ཟླ་ ༩ ནང་དབུ་འབྱེད་གནང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཀར་ན་ཊ་ཀའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit