ཟླ་བ་ ༨ ཚེས ༧ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༧ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ RSS གཙོ་འཛིན་སྐུ་ཞབས་མོ་ཧན་བྷ་ག་ཝཏ་ Mohan Bhagwat མཆོག་དང་མཇལ་འཕྲད་གནང་འདུག


དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་སྦན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་དང་བསྟུན། རྒྱ་གར་མཧཱ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ནག་པུར་དུ་ཡོད་པའི་སྐུ་ཞབས་མོ་ཧན་བྷ་ག་ཝཏ་མཆོག་གི་བཞུགས་གནས་སུ་ཁོང་དང་མཇལ་འཕྲད་གནང་སྟེ། བོད་མཐོ་སྒང་གི་ཁོར་ཡུག་དང་ཆབ་སྲིད་གནས་སྟངས། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་སྤྱི་དང་། ལྷག་པར་བོད་ནང་གི་ད་ལྟའི་ཁོར་ཡུག་གནས་སྟངས་སོགས་ཀྱི་རྐྱེན་པས་རྒྱ་གར་གྱིས་གཙོས་འཛམ་གླིང་སྤྱི་དང་། ཡང་སྒོས་ལྷོ་ཤར་ཨེ་ཤི་ཡའི་ས་ཁྱོན་ལ་ཤུགས་རྐྱེན་ཇི་ལྟར་འཐེབ་བཞིན་ཡོད་པ་སོགས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་འདུག


སྐབས་དེར་སྐུ་ཞབས་མོ་ཧན་བྷ་ག་ཝཏ་མཆོག་གིས་ཨར་ཨེས་ཨེས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་སྐོར་དང་། འཕགས་བོད་གཉིས་ནི་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུ་ཡིན་སྟབས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཅེས་གསུངས་འདུག

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ Deekshabhoomi ཞེས་པའི་རྒྱ་གར་གྱི་རྩ་ཁྲིམས་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དེ་ཀར་ B. R. Ambedkar མཆོག་ཕྱི་ལོ་ ༡༩༥༦ ཟླ་ ༡༠ ཚེས་ ༡༤ ཉིན་རྒྱ་གར་ཧིན་དུའི་ཡུལ་མི་གྲངས་ ༦༠༠༠༠༠ དང་ལྷན་ནང་པར་འགྱུར་སའི་གནས་ས་མཇལ་བ་མ་ཟད། Dragon Palace Buddhist temple ཞེས་པའི་ནང་པའི་དགོན་དུ་གནས་མཇལ་སྐབས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ལྕམ་སྐུ་སུ་ལེ་ཁ་ཀུམ་བྷ་རི་ Sulekha Kumbhare མཆོག་དང་མཇལ་འཕྲད་གནང་འདུག ལྕམ་སྐུ་མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཐེ་བས་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག
དེ་རིང་སྟེ་ཕྱི་ཚེས་ ༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་བཅས།།

Share with your friends










Submit