Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར། 

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ དང་ ༡༣ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་རྫོང་དང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་སུ་མ་སློབ་ཕྲུག་ SUMA ཞེས་ཚོགས་པས་གློ་བུར་དུ་རྙོག་གླེང་ཆེད་མངགས་བཟོས་པའི་དོན་རྐྱེན་སྐོར་གསལ་བཤད་ཆེད་ཕྱི་ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ནང་སྲིད་དྲུང་འཕར་ཚེ་དབང་སྒྲོལ་མ་ལགས།  ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་དང་གོ་གནས་མཉམ་པ་ཨ་རུ་ནཱ་ཅལ་ཆོས་རིག་ལྷན་ཁང་གི་གཙོ་འཛིན་ Religion and Cultural Affairs སྐུ་ཞབས་འཇམ་དཔལ་དབང་འདུས་མཆོག་བཅས་ནས་བཀའ་ཤག་མཇལ་འཕྲད་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་པའི་གསར་འགོད་པ་འདུ་འཛོམས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།

འཇམ་དཔལ་ལགས་འདིར་ཕེབས་དགོས་དོན་གཙོ་བོ་ནི། ཟློས་གར་དང་ཨ་རུ་ནཱ་ཅལ་དབར་གན་རྒྱ་ཞིག་བཞག་ཡོད། འཇམ་དཔལ་ལགས་ཨ་རུ་ནཱ་ཅལ་ཆོས་རིག་ལྷན་ཁང་Religion and Cultural Affairs གི་གཙོ་འཛིན་ཆགས་ཡོད། འཇམ་དཔལ་ལགས་ཀྱིས་ཨ་རུ་ནཱ་ཅལ་ཁུལ་ནས་སློབ་ཕྲུག་ ༡༠ ཁྲིད་ནས་བོད་ཀྱི་ཟློས་གར་ཚོགས་པར་ཟླ་བ་གསུམ་གྱི་རིང་བོད་ཀྱི་གཞས་དང་ཞབས་བྲོ་སོགས་སྦྱོང་བཞིན་ཡོད།  ཨ་རུ་ནཱ་ཅལ་དང་བོད་གཉིས་ཆོས་དང་རིག་གཞུང་གང་གི་ཆ་ནས་གཅིག་གྱུར་ཆགས་ཡོད། སློབ་ཕྲུག་དེ་དག་གིས་ཟླ་གསུམ་རིང་བོད་ཀྱི་གཞས་ཞབས་བྲོ་སོགས་སྦྱངས་རྗེས་ཕྱིར་ཨ་རུ་ནཱ་ཅལ་ལ་ཕེབས་ནས་བོད་ཀྱི་གཞས་ཞབས་བྲོ་སོགས་གཞོན་སྐྱེས་ཚོར་ངོ་སྤྲོད་གནང་རྒྱུ་རེད།  དེའི་ཆེད་དུ་འཇམ་དཔལ་ལགས་ནས་སྐུ་ལས་ཧ་ཅང་སྐྱོན་སོང་། འཇམ་དཔལ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཇམ་དཔལ་ལགས་རྡ་སར་ཕེབས་པའི་ཞོར་ལ་དེ་རིང་འདིར་ཕེབས་པ་རེད། ཉེ་ཆར་ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་ནང་སུ་མ་སློབ་ཕྲུག་ཚོགས་པས་གློ་བུར་དུ་ཆེད་མངགས་རྙོག་གླེང་བཟོས་པའི་དོན་རྐྱེན་སྐོར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཁྱབ་བརྡལ་ཕྱིན་ཡོད།  དེར་བརྟེན་མི་མང་ཚོས་སེམས་འཚབ་གནང་གི་ཡོད།   

གཙོ་ཆེ་ཤོས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་ཧ་ལས་པ་གནང་དང་གནང་མུས་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རུ་ནཱ་ཅལ་ཁུལ་ལ་བོད་རིགས་ ༥༠༠༠ ཙམ་ལས་མེད། མེའོ་ཆོས་འཕེལ་གླིང་དང་བསྟན་འཛིན་སྒང་། ཏེ་ཛུ་དར་རྒྱས་གླིང་ཁུལ་གྱི་བོད་མི་དང་ཡུལ་མི་ཚོ་ད་ལྟའི་བར་དུ་མཐུན་པོ་དང་འཆམ་པོ་བྱས་ནས་བསྡད་ཡོད། ས་གནས་བོད་མི་ཚོ་དང་ཡུལ་མི་ཚོ་མཐུན་པོ་འཆམ་པོ་བྱས་ནས་བཞུགས་གནང་ཐུབ་པར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཞུ་རྒྱུ་གཙོ་བོ་དེ་ཡིན། བོད་པ་ཚོས་ཀྱང་ས་གནས་ཀྱི་ཡུལ་ཁྲིམས་ལ་བརྩི་སྲུང་དང་མི་རིགས་མཐུན་སྒྲིལ་བྱེད་དགོས། རྟག་ཏུ་ཞི་བདེའི་ངང་འཚོ་བ་སྐྱེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ངས་རེ་འདུན་ཞུ་རྒྱུ་གཙོ་བོ་འདི་ཡིན།

དེ་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་དང་གོ་གནས་མཉམ་པ་ཨ་རུ་ནཱ་ཅལ་ཆོས་རིག་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་མཆོག་གིས་གསུང་དོན།

ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཞུས་ཏེ་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་ཕྱག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་རིགས་སྤྲུན་ཟླ་ཡོངས་ལ་མོན་གྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་པ་ལྟར།  སྤྱིར་ཕྲན་རང་རྡ་སར་བཅར་དགོས་དོན་ནི་བོད་ཀྱི་ཟློས་གར་ཚོགས་པར་མོན་རྟ་དབང་ཁུལ་ནས་སློབ་ཕྲུག་བཅུ་སྐྱེལ་དུ་ཡོང་བ་ཡིན། ཟླ་བ་ཁ་ཤས་གོང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་རྡ་སར་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རེ་སྐུལ་ཞུས་དོན་ལྟར་ཞལ་བཞེས་གནང་བར་བརྟེན་ཕྲུ་གུ་དེ་དག་འདིར་སྐྱེལ་བ་ཡིན།

གཙོ་བོ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ལས་དོན་རྣམས་ལམ་ལྷོངས་ཡག་པོ་བྱུང་།  དེར་བརྟེན་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་རེད། ཧི་མཱ་ལ་ཡ་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་བར་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གྱི་ཡོད།  ཕྲན་རང་ཉིད་ལ་མཚོན་ན་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ཀྱི་གཙོ་འཛིན་ཡིན། ངས་འགན་འཁྱེར་ནས་ལོ་བཞི་ཙམ་འགྲོ་བཞིན་འདུག  ཨ་རུ་ནཱ་ཅལ་མངའ་སྡེའི་ནང་དུ་ནང་པ་གང་ཙམ་ཡོད།   ང་དང་མཉམ་དུ་རིན་ཆེན་རྡོ་རྗེ་ལགས་ཀྱང་ཕེབས་ཡོད། ཁོང་དེ་སྔ་ཨ་རུ་ནཱ་ཅལ་མངའ་སྡེའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་རེད།  ཁ་སང་ངེད་གཉིས་དཔལ་ལྡན་སྲིད་སྐྱོང་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་སློབ་ལམ་སྟོན་ཧ་ཅང་གཟབ་རྒྱས་གནང་སོང་། ང་རང་སྒེར་ལ་མཚོན་ན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཡི་རངས་ཞུ་མཁན་གྱི་མི་ཞིག་ཡིན། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་དངོས་སུ་མཇལ་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་ཚང་མས་མཁྱེན་གསལ་ལྟར་ཉེ་ལམ་ཛ་དྲག་གནས་ཚུལ་ཞིག་བྱུང་བ་རེད། སྐབས་དེར་ཕྲན་རང་ཨི་ཊ་ན་གར་Itanagar ལ་ཡོད། དེ་དུས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཕེབས་འདུག  ཁོང་རྣམ་གཉིས་དང་ལྷན་བསྟན་འཛིན་སྒང་གི་ས་གནས་འགོ་འཛིན་ཕེབས་འདུག ཁོང་རྣམ་པས་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་གནང་རྒྱུའི་དུས་ཚོད་ཐོབ་ཟིན་རྗེས་ང་ཚོ་ཚོགས་འདུ་གལ་ཆེན་ཞིག་གི་ཆེད་དུ་ལྡི་ལིར་འགྲོ་དགོས་བྱུང་སོང་།

སྐབས་དེར་བློ་ཕམ་གྱི་གནས་ཚུལ་ཞིག་བྱུང་བ་རེད།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ང་ཚོ་མོན་པ་མི་རིགས་ཚང་མ་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་བྱུང་འདུག དེར་བརྟེན་ངས་དེའི་ཐོག་ཚིག་ཁ་ཤས་ཞུ་ན་དྲན་བྱུང་། སྤྱིར་མང་ཆེ་བས་ཨ་རུ་ནཱ་ཅལ་གྱི་གནས་སྟངས་མཁྱེན་གསལ་རེད།  ཨ་རུ་ནཱ་ཅལ་མངའ་སྡེའི་ནང་མི་རིགས་འདྲ་མིན་ཧ་ཅང་མང་པོ་ཡོད་པ་རེད།  མངའ་སྡེའི་ནང་གི་ནང་པའི་མི་འབོར་ལ་མཚོན་ན་བརྒྱ་ཆ་བཅུ་མ་གཏོགས་མེད། བཙན་བྱོལ་བོད་མིའི་གདན་ས་སེར་འབྲས་དགའ་གསུམ་ལ་སློབ་གཉེར་གནང་མཁན་མང་དག་ཅིག་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་གི་ནང་དུའང་ཕྲུ་གུ་གང་ཙམ་ཡོད་པ་དེ་དག་སེམས་ཁྲལ་ཧ་ཅང་བྱེད་ཀྱི་འདུག

ང་ཚོ་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ནས་འགན་ཁུར་ཏེ་དགེ་འདུན་པ་རྣམས་ལ་སློབ་ཡོན་ཞིག་འབུལ་བཞིན་ཡོད། ཆོས་རིག་ལས་ཁུངས་ནས་སློབ་ཡོན་འབུལ་བཞིན་པ་ཧི་མཱ་ཅལ་ནང་ ༡༣༥ ཙམ་འདུག   ཁོང་ཚོས་གནས་ཚུལ་དེ་ཐོས་སྐབས་བློ་ཕམ་ཧ་ཅང་བྱེད་ཀྱི་འདུག  དེར་བརྟེན་ཁྱེད་རང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་གནད་དོན་དེའི་ཐད་གསལ་བཤད་གནང་ཐུབ་ན་ཡག་པོ་འདུག  ང་ཚོ་རྩ་བ་ནས་བདེ་པོ་ཞིག་མི་འདུག ཅེས་ང་ཚོར་འབོད་སྐུལ་གནང་བྱུང་། 

ངའི་བསམ་པར་བོད་པའི་སྤྱི་ཚོགས་ནང་གོ་གནས་ཡོད་མཁན་དང་སློབ་སྦྱོང་ཡོད་མཁན་མང་ཆེ་བས་ཨ་རུ་ནཱ་ཅལ་གྱི་དངོས་ཡོད་གནས་སྟངས་མཁྱེན་གྱི་རེད། འོན་ཀྱང་མི་མང་ཕལ་པ་ཚོས་ཧ་ལམ་དེ་ཙམ་གནས་ཚུལ་གསལ་པོ་མཁྱེན་རྒྱུ་ཁག་པོ་རེད་དྲན་བཞིན་འདུག རྒྱ་གར་བྱང་ཤར་ནང་ལ་མཚོན་ན་ཨ་རུ་ནཱ་ཅལ་མངའ་སྡེ་ཆེ་བ་ཞིག་ཆགས་ཡོད། དེའི་ནང་མི་འབོར་འབུམ་བཅུ་བཞི་ཙམ་ཡོད།  ང་ཚོ་མོན་པ་ཚོ་གྲངས་ཉུང་མི་རིགས་ཡིན་སྟབས། སྐབས་རེ་ཆབ་སྲིད་ཐོག་ནས་གནས་ཚུལ་དེ་ལྟར་ཡོང་གི་འདུག ཉེ་ཆར་སློབ་གྲྭའི་སྡེ་ཚན་ནས་ངོ་རྒོལ་བྱས་པ་དེ་ཚང་མས་དྲ་རྒྱའི་བརྒྱུད་གཟིགས་ཡོད།  ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད། དེ་ལྟར་མ་ཡོང་བའི་སླད་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ཚོགས་འདུ་འཚོགས་རྒྱུའི་གསལ་བསྒྲགས་བཏང་ཟིན་པ་རེད། ཚོགས་འདུ་འཚོགས་རྒྱུའི་དམིགས་ཡུལ་གཙོ་བོ་གསུམ་ཡོད། སྤྱིར་མོན་དང་བོད་དབར་མི་རབས་ནས་མི་རབས་བརྒྱུད་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད། ལྷག་པར་༸རྒྱལ་བ་རིན་པོ་ཆེ་མཆོག་ང་ཚོའི་རྩ་བའི་བླ་མ་ཡིན་པ་མི་རབས་རྒན་པ་ཚོས་མཁྱེན་གྱི་ཡོད། འོན་ཀྱང་ལོ་ན་གཞོན་པ་མང་པོ་ཞིག་ས་གནས་གང་སར་ཡོད་སྟབས་མ་ཤེས་མཁན་མང་པོ་འདུག དེ་དག་ལ་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ནང་ང་ཚོའི་སློབ་ཕྲུག་མང་པོ་ཡོད་པ་དེ་དག་གི་ཕ་མ་ལའང་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་ཡོད།

ཆོས་དང་རིག་གཞུང་ཐོག་ང་ཚོའི་དབར་དུས་རབས་ ༧ ནས་འབྲེལ་བ་ཡོད་པ་རེད། དཔེར་ན་ངའི་པཱ་ལགས་དེ་སྔ་བོད་ལ་ཕེབས་མྱོང་ཡོད། ཕྱིས་སུ་ཆབ་སྲིད་ནང་སླེབས་ནས་ལོ་ ༢༠ ཙམ་བློན་ཆེན་དང་གྲོས་ཚོགས་འཐུས་མི་གནང་མྱོང་ཡོད།  ཁོང་ཚོའི་མི་རབས་གྲས་ཚོས་བོད་དང་མོན་གཉིས་དབར་གྱི་འབྲེལ་ལམ་ཇི་འདྲ་ཡོད་པ་མཁྱེན་གྱི་ཡོད།   འོན་ཀྱང་ལོ་ན་གཞོན་པའི་ནང་དངོས་ཡོད་གནས་ཚུལ་ཇི་ཡིན་མ་ཤེས་མཁན་མང་པོ་ཞིག་འདུག  སློབ་གྲྭའི་ནང་ཡོད་སྟབས་ཁ་ཤས་མ་ཤེས་པའི་དབང་གིས་བོད་མིར་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་དེ་འདྲའི་ནང་འཛུལ་སྲིད་པ་ཞིག་རེད། དེ་ལྟར་མི་ཡོང་བར་ང་ཚོས་འབད་བརྩོན་གང་ཡོད་བྱ་རྒྱུ་ཡིན།   ཐབས་ལམ་དང་འབད་བརྩོན་གང་ཡོད་བྱ་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད།  དོན་འབྲས་ཇི་ཙམ་སོན་མིན་ངས་ཞུ་ཚོད་ཐུབ་ཀྱི་མི་འདུག

ལྷག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནང་པ་དང་མོན་པ་ཡིན་པ་མ་ཟད། བོད་པར་ཧ་ཅང་རྩི་མཐོང་དང་གུས་ཞབས་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་སློབ་མ་ཞིག་ཡིན་པའི་ངོས་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཡིན།  གནས་ཚུལ་དེ་རིགས་སྐབས་རེ་ཆབ་སྲིད་ཐོག་ནས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་འདུག

མ་འོངས་པར་བོད་མི་ཚོར་གནས་ཚུལ་དེ་རིགས་མ་ཡོང་བ་བྱ་རྒྱུ་མོན་པ་ཡོངས་ཀྱི་འགན་རེད་བསམ་གྱི་འདུག སྤྱིར་བོད་མི་རྣམས་བཙན་བྱོལ་དུ་ཕེབས་ནས་ཆོས་དང་རིག་གཞུང་ཐོག་ནས་ང་ཚོར་ཕན་ཐོགས་ཧ་ཅང་བྱུང་ཡོད། 

༸རྒྱལ་བ་རིན་པོ་ཆེ་ང་ཚོའི་རྩ་བའི་བླ་མ་རེད། སོ་སོའི་ཆོས་དང་རིག་གཞུང་མི་ཉམས་པར་ཡོད་པ་འདི་གཙོ་ཆེར་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རེད། གལ་ཏེ་༸རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་ཕམ་བྱུང་བ་ཡིན་ན། ང་ཚོའི་མི་ཚེའི་ནང་དེ་ལས་ཐབས་སྡུག་པའི་གནས་ཚུལ་ཡོང་གི་མ་རེད། འདི་ནན་ཏན་བྱས་ནས་ཞུ་རྒྱུའི་འཆར་གཞི་ཡོད། ཅེས་གསུངས།

ནང་སྲིད་དྲུང་འཕར་ཚེ་དབང་སྒྲོལ་མ་ལགས་ཀྱིས་གསུང་དོན། ད་ལྟའི་ཆར་ཨ་རུ་ནཱ་ཅལ་ཁུལ་དུ་རྙོག་གྲ་ཞི་འཇམ་ཆགས་ཡོད་པས་བོད་ཕྱི་ནང་གི་བོད་མི་ཚོས་ཐུགས་འཚབ་རྩ་བ་ནས་གནང་དགོས་པ་མི་འདུག་ཅེས་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཞུ་རྒྱུ་ཡིན། ཞེས་གསུངས།།

Share with your friends










Submit