ཟླ་བ་ ༨ ཚེས ༩ ༢༠༡༨
Published By Kalsang Dekyi
ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན།   ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་རིགས་དང་འབྲེལ་བའི་ལས་དོན་སྤེལ་བའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་དང་། ལྷག་པར་དུ་༸གོང་ས་མཆོག་ནས་འདས་པའི་ལོ་ ༣༠ ལྷག་ཙམ་རིང་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གནང་བ་དང་འབྲེལ་བའི་སྔ་ཕྱིའི་གནས་ཚུལ་རྣམས་རྒྱ་རིགས་སྤྱི་ཚོགས་ནང་ངོ་སྤྲོད་བྱེད་རྒྱུ་དེ་གནད་འགག་ཆེན་པོར་བརྩིས་ནས་དེའི་ཐོག་བར་ལམ་ནས་ཤུགས་སྣོན་འཕར་མ་བརྒྱབ་པ་ལྟར། ཨ་རིར་ཞུགས་མཁན་རྒྱ་རིགས་རྩོམ་པ་པོ་ཏིང་དབྱི་ཕུ་ (DING YIFU) དང་། ལི་ཅང་ལིན་ (LI JIANGLIN) གྱིས་དོན་དེར་དོ་སྣང་ཆེན་པོ་གནང་སྟེ། སྔ་རྗེས་སུ་ཨ་མེ་རི་ཀ་དང་། བཞུགས་སྒར་རྡ་རམ་ས་ལ། རྒྱ་གར་ལྷོ་ཕྱོགས་བཅས་སུ་སེམས་དང་སྲོག་གི་ཚོགས་འདུ་སྔ་རྗེས་ལ་བཅར་ནས་ལས་ཡུལ་དངོས་སུ་ཟུར་ཉན་དང་བཅར་འདྲི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་བཅས་ཞུས་ནས་ལོ་ཤས་རིང་འབད་བརྩོན་བྱས་པའི་འབྲས་བུར། ད་ཆ་ <<ཤེས་རབ་ཀྱི་རྒྱ་མཚོ། ཏཱ་ལའི་བླ་མ་དང་དེང་རབས་ཚན་པའི་དབར་གྱི་བགྲོ་གླེང་།>> ཞེས་པའི་རྒྱ་ཡིག་གི་དེབ་ཅིག་ཟླ་བ་སྔོན་མའི་ནང་དངོས་སུ་ཁྲོམ་རྭར་ཐོན་ཐུབ་པ་བྱུང་ཡོད།  
<<ཤེས་རབ་ཀྱི་རྒྱ་མཚོ། ཏཱ་ལའི་བླ་མ་དང་དེང་རབས་ཚན་པའི་དབར་གྱི་བགྲོ་གླེང་།>> ཞེས་པའི་དེབ་ཀྱི་ནང་དོན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་དང་དེང་རབས་ཚན་རིག་པའི་དབར་ཐོག་མར་ཐུག་འབྲེལ་ཇི་ལྟར་བྱུང་བ་དང་།  བར་དུ་སེམས་དང་སྲོག་གི་བགྲོ་གླེང་རིམ་པ་ཁག་ཇི་ལྟར་ཚུགས་པ། ད་ལྟ་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་རྣམས་དང་ཅི་ཞིག་བགྲོ་གླེང་གནང་གི་ཡོད་པའི་སྐོར་ཡིན་ཞིང་། དོ་བདག་རྩོམ་པ་པོས་རེ་སྐུལ་ཞུས་པ་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེབ་འདིར་སྔོན་གླེང་ཞིག་རྩལ་ཡོད་པའི་ནང་། རྒྱ་རིགས་ཤེས་ལྡན་དང་དོ་སྣང་ཅན་དག་གིས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་འགལ་བ་ལྟག་སྤྲོད་ལྟ་བུ་མིན་པར། ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་ཡར་རྒྱས་གཏོང་བའི་རང་བཞིན་ལ་རྒྱུས་ལོན་དང་། ཤེས་རྟོགས། བསམ་གཞིགས་གཏིང་ཟབ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་འཁོད་ཡོད་པ་རེད། 
དེབ་འདིར་ཤོག་གྲངས་ ༤༢༡ ཡོད་པ་དང་། ཐེ་ཝན་གྱི་ལིན་ཁིན་ (Lin King) དཔར་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། ཟླ་བ་སྔོན་མའི་ནང་དངོས་སུ་ཁྲོམ་རྭར་ཐོན་ཡོད། ལིན་ཁིན་ (Lin King) དཔར་སྐྲུན་ཁང་གི་དྲྭ་བྱང་ལ་གཟིགས་ན། <<ཤེས་རབ་ཀྱི་རྒྱ་མཚོ། ཏཱ་ལའི་བླ་མ་དང་དེང་རབས་ཚན་པའི་དབར་གྱི་བགྲོ་གླེང་།>> ཞེས་པའི་རྒྱ་ཡིག་གི་དེབ་གསར་པའི་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་ཐུབ།  །
Share with your friends










Submit