ཟླ་བ་ ༧ ཚེས ༡༣ ༢༠༡༨
Published By Kalsang Gyatso

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཞབས་ནེན་སི་པེ་ལོ་སི་ Nancy Pelosi མཆོག་དང་མང་གཙོ་ཚོགས་པའི་ Democrats གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ Republic ལྕམ་སྐུ་རོ་སི་ལེ་ཊི་ནེན་ Ileana Ros-Lehtinen མཆོག ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ཁི་ལའོ་ཌི་ཡ་ཊེན་ནེ་ Claudia Tenney མཆོག ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ NED གི་འགན་འཛིན་ཁར་ལི་གར་ཞི་མན་ Carl Gershman ལགས། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲིན་གོང་ཁྲིན་ Chen Guangcheng ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐེའོ་མེ་ཁ་ཆི་ Matteo Mecacci ལགས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཤར་ཨེ་ཤི་ཡ་མངའ་ཁུལ་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ཊེཌ་ཡོ་ཧོ་ Ted Yoho མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་སྐུ་ཞབས་སམ་བྷི་རོན་བྷད་ཁི་ Sam Brownback མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་སོགས་ཀྱིས་གཙོས་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་ ༡༥༠ ལྷག་ཁེ་པི་ཊོལ་ཧི་ལི་ Capitol Hill དུ་མཉམ་འཛོམས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་སྐུ་མགྲོན་གཙོ་བོར་ཕེབས་པའི་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ་བོད་འབངས་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་གོང་མཐོར་གཏོང་བཞིན་པའི་ཐོག་སོགས་སྩལ་བའི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་བཀའ་གསུང་ཅི་སྒྲུབ་གནང་དགོས་པའི་དྲན་གསོའི་བཀའ་སློབ་སྩལ་ཡོད། ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཞབས་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཐོག་ལྕམ་སྐུ་ཞབས་ནེན་སི་པེ་ལོ་སི་མཆོག་དང་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ཟུང་འབྲེལ་གྱིས་བརྩམས་པའི་རྩོམ་དུམ་བུ་དེའི་ནང་འཁོད་དོན།

གལ་ཏེ་རྒྱ་ནག་གཞུང་གིས་བོད་པ་ཚོར་ཆེ་མཐོང་དང་གུས་ཞབས། གཟི་བརྗིད་ལྡན་པའི་ངང་ནས་ལྟ་སྐྱོང་གནང་བ་དང་། དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕ་ཡུལ་བོད་ལ་གཟིགས་སྐོར་དུ་ཕེབས་བཅུག་པའམ་ཕ་ཡུལ་དུ་བཞུགས་བཅུག་པ་ཡིན་ན། དེ་ནི་མགོན་པོ་༧གང་ཉིད་མཆོག་གི་འཁྲུངས་སྐར་གྱི་ངོ་མཚར་ཆེ་བའི་ཕྱག་རྟགས་དེ་རེད། ཅེས་འཁོད་ཡོད། སྤྱི་མཐུན་ཚོགས་པའི་གྲོགས་འཐུས་མི་ལྕམ་སྐུ་རོ་སི་ལེ་ཊི་ནེན་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞོན་ཡོད་པས། ང་ཚོར་མཚོན་ན་ཨ་རིའི་གྲོས་ཚོགས་ནང་ངེས་པར་དུ་བོད་ཀྱི་རྩ་དོན་གླེང་སློང་བྱ་རྒྱུ་དེ་གལ་གནད་ཆེ་ཤོས་ཆགས་ཡོད། ངས་བསམས་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ལེགས་ཤོས་འབུལ་རྒྱུ་ནི་བོད་མིའི་རང་དབང་ཆེད་འཐབ་རྩོད་བྱེད་རྒྱུ་དེ་ཡིན། ཞེས་གསུངས།

ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ཁི་ལའོ་ཌི་ཡ་ཊེན་ནེ་མཆོག་གིས། ཉེ་ཆར་བཞུགས་སྒར་རྡ་སར་འཚམས་གཟིགས་སྐབས་
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་རྗེས། ཁོ་མོའི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་དང་། དེ་བཞིན་མུ་མཐུད་བོད་ཀྱི་རྩ་དོན་ཆེད་གང་ཐུབ་རོགས་རམ་གནང་རྒྱུ་ཡིན། ཞེས་ཞལ་བཞེས་གནང་། ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ཁར་ལི་གར་ཞི་མན་ Carl Gershman ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་བླང་དོར་སློབ་སྟོན་པའི་དབུ་ཁྲིད་ཨང་དང་པོ་དེ་རེད། ཅེས་དང་།

རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཁྲིན་གོང་ཁྲིན་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ལ་བཅིངས་པའི་བྱམས་པ་དང་བརྩེ་བ་དེས་ཉིན་ཞིག་རྒྱ་ནག་མི་མང་ལའང་ཤན་ཞུགས་ཐེབས་པའི་རེ་བ་ཡོད། ཅེས་གསུངས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐེའོ་མེ་ཁ་ཆི་ལགས་ཀྱིས། ང་ཚོས་བོད་ཀྱི་རྩ་དོན་ཆེད་ཡིད་ཚིམས་ནས་མི་སྡོད་པར་སྔར་ལས་ལྷག་ལས་འགུལ་རྒྱ་ཆེ་སྤེལ་དགོས། ཞེས་དྲན་གསོ་གནང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་ནང་ཡོད་པའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་གཞིར་བཞག་ཐོག་ལས་དོན་སྒྲུབ་དགོས་ཞེས་བཀའ་སློབ་ལམ་སྟོན་སྩལ་བ་བཞིན། ང་རང་འགན་འཛིན་ཞིག་ཡིན་པའི་ཆ་ནས་དུས་ད་ལྟ་ཡིན་ཡང་ངས་མགོན་པོ་༧གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ལས་དོན་སྒྲུབ་བཞིན་ཡོད། ཅེས་གསུངས།

མཐར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ད་བར་བོད་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།

 

Share with your friends










Submit