ཟླ་བ་ ༧ ཚེས ༡༢ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།

2018 07 12 Nubra Gallery Gg02 Sa94932

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ཀྱིས་ལྡུམ་ར་ Nubra བདེ་སྐྱིད་བཀྲ་ཤིས་ཆོས་གླིང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་ལྡུམ་རར་རྟེན་གཞི་བྱས་པའི་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པར་༸ཞབས་སོར་བདེ་བར་འཁོད་ཡོད། 

2018 07 12 Nubra Gallery Gg03 Sa94957

དེ་ཡང་དེ་ཉིན་སྔ་དྲོ་མགོན་པོ་གང་ཉིད་མཆོག་ཐོ་ཡི་སི་གནམ་ཐང་ Thoise Airport དུ་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས་ནམ་མཁར་འཇའ་ཚོན་ཁ་དོག་སྣ་ཚོགས་འཕྲོས་ཏེ་བཀྲ་ཤིས་པའི་རྟགས་དུ་མ་བཅས་ཁྲིག་སེ་རིན་པོ་ཆེ་མཆོག་དང་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པའི་དབུ་བླ་ཁྲིག་རྩེ་རིན་པོ་ཆེ་མཆོག དཀྱིལ་ཁང་རིན་པོ་ཆེ་མཆོག བསམ་གཏན་གླིང་དང་བདེ་སྐྱིད་དགོན་པའི་བླ་མ་དབུ་ཆོས།  ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་དེད་དཔོན་གྱི་སྐུ་ཚབ་རྒྱལ་དབང་རྒྱལ་ལགས་དང་། ལྡུམ་ར་ཁུལ་གྱི་གྲོས་ཚོགས་འཐུས་མི་བདེ་ཆེན་རྣམ་རྒྱལ་ལགས། ལྡུམ་ར་ས་གནས་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་ནུར་བུ་ལགས། ལྡུམ་ར་ས་གནས་ཁ་ཆེ་ཆོས་ཚོགས་པའི་ཚོགས་གཙོ་ཨབ་དུ་ལ་མ་སི་ཇིཏ་Abdullah Masjid ལགས།

2018 07 12 Nubra Gallery Gg01 Sa94919

ས་གནས་རྫོང་ཡན་ལག་ལས་ཁུངས་ SDM ཀྱི་འགོ་འཛིན་ནོར་བུ་ལགས།  གསེར་ཐང་བསམ་གླིང་དགོན་པ།  ས་གནས་འགོ་པ་དང་ཨ་མ་ཚོགས་པ། གཞོན་ནུ་ཚོགས་པ་སོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

དེ་རྗེས་གནང་ཐང་ནས་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པའི་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་མཚམས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དེ་ཉིན་དམིགས་བསལ་མཛད་འཆར་མེད་པར་༸སྐུ་ངལ་གསོ་གནང་མཛད།

དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་ལགས།

དེ་ཡང་བདེ་སྐྱིད་དགོན་པའི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་ལགས་ཀྱིས་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཐོག་ངོ་སྤྲོད་གནང་དོན། འདི་ལོར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་ཆགས་ཡོད། ལོ་སྔ་མ་བདེ་སྐྱིད་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དབྱར་ཆོས་ཆེན་མོ་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་འདི་ལོར་ལྡུམ་ར་བསམ་གཏན་གླིང་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་ཚུགས་གཏན་འཁེལ་ཡོད། ལ་དྭགས་དབྱར་ཆོས་ཆེན་མོ་བརྗོད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་གཞིར་བཟུང་ཆོས་ལུགས་རིས་མེད་ཀྱི་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་ཙམ་མ་ཟད། བོད་ཀྱི་ས་དགེ་བཀའ་རྙིང་དང་། དེ་བཞིན་ཁ་ཆེ་དང་ཡེ་ཤུའི་རྗེས་འབྲང་པ་སོགས་ཆོས་ལུགས་སུ་འདྲ་ཞིག་ཡིན་ཡང་དབྱར་ཆོས་ཆེན་མོར་འཛུལ་ཞུགས་ཆོག་པ་རེད།

2018 07 12 Nubra Gallery Gg05 Sa95036

ཚོགས་འདུའི་ཐོག་རིས་མེད་མཁས་པར་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་ཆ་ཚང་ཡོད་པ་དང་། ཕྱོགས་མཚུངས་རིས་མེད་སློབ་གྲྭ་ཁག་གི་སློབ་ཕྲུག་ཆ་ཚང་ལ་དེང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular ethics ཞེས་བཀའ་སློབ་སྩལ་བ་ལྟར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དེ་བརྗོད་བྱ་གཙོ་བོ་ཞིག་ཆགས་ཡོད།   ད་བར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་ལྔ་པའི་བར་བཀྲ་ཤིས་ལོ་ལེགས་ཧ་ཅང་ཡག་པོ་བྱུང་ཐུབ་ཡོད། ཐེངས་འདིར་༸གོང་ས་མཆོག་ལྡུམ་རའི་ཐོ་ཡི་སི་གནམ་ཐང་ནས་བསམ་གཏན་གླིང་དགོན་པའི་བར་རྒྱང་ཐག་ཏོག་ཙམ་རིང་མོ་ཡོད་སྟབས། བདེ་སྐྱིད་དགོན་པ་ལམ་བར་འཁེལ་བཞིན་ཡོད་པར་བརྟེན་གནམ་ཐང་ནས་མགོན་པོ་གང་ཉིད་མཆོག་ཐད་ཀར་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བསྐྱང་མི་དགོས་པར་བདེ་སྐྱིད་དགོན་པ་གནམ་ཐང་ནས་ཐག་ཉེ་བ་ཡོད་སྟབས་བདེ་སྐྱིད་དགོན་པའི་༸རྒྱལ་བའི་ཕོ་བྲང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་སྐུ་ངལ་གསོ་གནང་མཛད་རྒྱུ་དང་།

2018 07 12 Nubra Gallery Gg08 Sa95104

དེ་སྔ་བདེ་སྐྱིད་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་བདུན་ཙམ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པ་དང་། དགོན་པའི་༸རྒྱལ་བའི་ཕོ་བྲང་དུ་ཐུགས་མཉེས་པོ་མཛད་བཞིན་ཡོད། ཕྱི་ཚེས་ ༡༢ ཉིན་བདེ་སྐྱིད་དགོན་པར་༸གོང་ས་མཆོག་༸སྐུ་ངལ་གསོ་གནང་མཛད་རྒྱུ་དང་། བདེ་སྐྱིད་གྲོང་འདི་ནི་ལྡུམ་ར་ཡུལ་གྱི་གྲོང་ཁྱེར་ལྟ་བུ་ཆགས་ཡོད།

ལྷག་པར་ལྡུམ་ར་མི་མང་གིས་བཞེངས་པའི་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་གསར་པ་ཞིག་དང་ཆོས་ར་ཞིག་ཀྱང་ཡོད་སྟབས། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་མི་མང་ལ་ཆོས་འབྲེལ་དེ་བདེ་སྐྱིད་གྲོང་ཁྱེར་རང་ལ་ཕྱི་ཚེས་ ༡༣ བློ་སྦྱོང་ཚིག་བརྒྱད་མ་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་གནང་མཛད་གཏན་འཁེལ་ཡོད། དེ་རྗེས་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་རེད། ཅེས་གསུངས།

2018 07 12 Nubra Gallery Gg10 Sa95143

དེ་ཡང་བདེ་སྐྱིད་དགོན་པ་ནི་ཐོག་མར་ཕྱི་ལོ་ ༡༤༣༣ ལོར་རྗེ་རིན་པོ་ཆེའི་དངོས་སློབ་བྱང་སེམས་ཤེས་རབ་བཟང་པོ་མཆོག་གིས་ཐོག་མར་ཕྱག་བཏབ། དགོན་པ་དེ་ནས་གདན་ས་སེར་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ལ་གྲྭ་རྒྱུན་ཕེབས་སྲོལ་ཡོད་པ་བཅས།། 

 

 

Share with your friends










Submit