Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས།

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས་ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཞི་བའི་ཚལ་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པའི་མཛད་སྒོར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།

ངོས་ཀྱི་ཆོས་འབྲེལ་དངོས་སུ་ཐོབ་པ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག བླ་སྤྲུལ་དགེ་བཤེས། མི་མང་རྣམ་པ་བཅས་ལ་ཞུ་རྒྱུར། ངོས་ཀྱིས་ཕྱི་ལོ་ ༢༠༠༡ ནས་ཆབ་སྲིད་ཀྱི་འགན་དབང་དེ་མཚམས་བཞག་པ་རེད། ཕྱི་ལོ་ ༢༠༠༢ ནས་ཆབ་སྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུས་རྗེས་ཕྱི་ལོ་ ༢༠༡༡ ནས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འདིར་ཕེབས་ཡོད། ཁ་སང་ཉིན་དང་པོ་འབྱོར་སྐབས་ནམ་མཁར་སྤྲིན་སྟུག་པོ་འཁོར་ཡོད་སྟབས་འཁྲུངས་སྐར་ཉིན་ཆར་པ་བབ་མི་ཡོང་ངམ་བསམ་པ་དྲན་བྱུང་། འོན་ཀྱང་དེ་རིང་ཉི་མ་ཚ་ཐག་ཆོད་འདུག དགེ་འདུན་པ་ཚོ་དང་སློབ་ཕྲུག མང་ཚོགས་ཁྱེད་རང་ཚོ་ཉི་མས་གདུང་བཞིན་ཡོད་པ་ལྟ་བུ་འདུག འོན་ཀྱང་ཁྱེད་རང་ཚོ་ཚང་མ་དམ་ཚིགས་བརྟན་པོ་ཡོད་ཅིང་འདིར་འཁྲུངས་སྐར་ཉིན་འཛོམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནས་ངོས་ལ་སྐྱེ་སྐར་འཚམས་འདྲི་བྱེད་མཁན་མང་པོ་ཡོད་པ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། གསུང་བཤད་དང་པོ་གནང་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོས་གོང་དུ་ངོས་ཀྱི་གང་བཤད་པ་དེ་དག་ལག་བསྟར་ཡོང་ཐབས་བྱེད་སྐོར་གསུང་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཞེས་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར། དེ་བཞིན་ཐུགས་སྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་ལེགས་བཤད་སླར་གསོའི་སྐོར་བཀའ་སློབ་སྩོལ་སྐབས། ཁ་ཆེའི་ཚོགས་གཙོར་ཞལ་ཕྱོགས་ནས་ཁ་ཆེའི་གྲོགས་པོ་ཚོས་དད་པ་བྱེད་ས་ཨེ་ལ་ལ་བྱས། ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་དེ་དག་སློབ་གཉེར་བྱེད་པ་ཡིན་ན་ཕན་ཐོགས་ཡོད་སྐོར་བཀའ་སློབ་སྩལ་དོན། ཏཱ་ལའི་བླ་མ་ཁ་བདེ་པོ་ཡོད་པ་འདི་ནཱ་ལེནྡྲའི་རིག་གཞུང་སྦྱངས་ནས་བྱུང་བ་རེད། ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མ་བརྗོད་པར་རིག་གཞུང་ཞེས་བརྗོད་ན་ཡག་པ་འདུག དེར་བརྟེན་ངོས་ཀྱི་རེ་བར་མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་བསླབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད། ཅེས་དང་།

བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡ་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན་བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་པ་དང་། དེར་བརྟེན་ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། ཞེས་བཀའ་སློབ་སྩལ།

དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་ལ་དྭགས་ནང་ཡག་ཐག་ཆོད་འདུག ད་དུང་ཡར་རྒྱས་གཏོང་དགོས་འདུག བོད་མི་བརྒྱ་ཆ་ ༩༠ ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་ཀྱི་གནད་དོན་དེ་དྲང་བདེན་རེད། གཙོ་ཆེར་བོད་ཀྱི་ཁོར་ཡུག་ཡག་པོ་བྱས་ནས་ཉར་ཚགས་ཆེད་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།

གཞིས་བཞུགས་བོད་མི་རྣམས་ཀྱིས་ཚེ་སྲོག་བློས་བཏང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད། ནུབ་ལ་དྭགས་ནས་ཤར་མོན་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་ནང་མེད། སངས་རྒྱས་ཀྱི་བསྟན་པ་འདི་ལུང་རྟོགས་ཀྱི་བསྟན་པ་རེད། ལུང་སྡེ་སྡོད་གསུམ་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཉམས་ལེན་བྱས་ནས་སངས་རྒྱས་བསྟན་པ་འཛིན་དགོས། བསླབ་པ་སློབ་གཉེར་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ལྡི་ལིར་ཧི་མ་ལ་ཡ་ཚོགས་པ་ཚུགས་ནས་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་དགོན་པ་ཁག་ཆ་ཚང་ཤེས་ཡོན་བསྟི་གནས་ཁང་འཛུགས་རྒྱུ་ཡིན་སྐོར་བརྗོད་བྱུང་། ངོས་རང་དངོས་གནས་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ཡི་རང་ཡོད། ངོས་ཀྱིས་ཁ་ནས་བཤད་པ་དེ་ཁྱེད་ཚོས་ངོ་ཐོག་ལག་ལེན་བསྟར་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ལོ་ཤས་རིང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ལོ་སྟར་ཆགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ལ་དྭགས་སེར་སྐྱ་མང་ཚོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་ཡིན་པ་དང་། གཞིས་ལུས་བོད་མིའི་མངོན་འདོད་གཙོ་བོ་ནི་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞིང་།

ཐེངས་འདིར་ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་དུས་ཚོད་མཉམ་འཛོམས་བྱུང་བ་ནི་མ་སྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་ཡིན་སྐོར་དང་།  དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གྲོགས་པོ་རྙིང་པར་མཛའ་བརྩེའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་ཐོག་གྲོགས་པོ་གསར་པ་འཚོལ་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་རྣམས་དྲན་གསོ་ཞུས་འདུག

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་དཔེ་ལྟར།  མགྱོགས་མྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་དེང་སྐབས་ལུས་པོའི་འཕྲོད་བསྟེན་གལ་ཆེར་བརྩི་བཞིན་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་གལ་ཆེ་ཡིན་སྐོར་དང་། ལྷག་པར་བསམ་བློའི་འཕྲོད་བསྟེན་ཡོང་བར་བསམ་བློ་གཏོང་སྟངས་ལ་འགྱུར་བ་བཏང་ནས་བློ་སྦྱོང་ཐོག་ནས་འགྲོ་དགོས་སྟབས། རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་ཚད་མ་དང་སེམས་ཁམས་རིག་པའི་རྣམ་གཞག་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་ཐུབ་ཚེ་ཕན་ཐོགས་ཧ་ཅང་ཡོད་པ་༸གོང་ས་ཆེན་པོའི་བཀའ་སློབ་ལུང་འདྲེན་ཞུས། 

གཞན་ཡང་བྱམས་པ་དང་ཤེས་རབ་ཟུང་འབྲེལ་ཐོག་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་ལས་ཤེས་རབ་རྐྱང་པས་མི་བཟང་པོ་ཞིག་དང་འགྲོ་བ་མི་རིགས་ཡོངས་ལ་ཕན་པ་སྒྲུབ་ཐུབ་པའི་ངེས་པ་གང་ཡང་མེད་པ་རྒྱལ་རབས་ལོ་རྒྱུས་ལས་ར་སྤྲོད་གསལ་པོ་ཐུབ་སྐོར་དང་། བྱམས་བརྩེས་ཕོངས་པའི་དབུ་ཁྲིད་མའོ་ཙེ་ཏུང་ Mao Tsetung དང་ཨེ་དི་ཡ་མིན། Idi Amin  ཧིཌ་ལར། Hitler པོལ་པོཌ། Pol Pot སི་ཏ་ལིང་ Stalin སོགས་ལ་རྣམ་དཔྱོད་ཀྱི་ཤེས་རབ་ལྡན་ཡང་བྱམས་བརྩེས་ཕོངས་པར་བརྟེན་མི་མང་ས་ཡ་མང་པོ་དམར་གསོད་དང་བཙོན་འཇུག་བྱས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།།

Share with your friends










Submit