Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༩ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཤི་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལས་དྲུང་ཚེ་རིང་རྡོ་རྗེ་ལགས་བཅས་ཀྱིས་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གངྒ་པྲ་སཏ་ Shri Ganga Prasad,Governor of Meghalaya མཆོག་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་ ༦༠ རིང་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་མཚོན་དོན་དུ་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་ཏེ་མུ་མཐུད་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་འདུག

སྐབས་དེར་ས་གནས་འགོ་འཛིན་གྱིས་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༧ བར་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་བཅས་ས་གནས་སུ་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གྱི་ཡོད་པའི་སྐབས་དེེར་མཇལ་འཕྲད་ཞུའི་དུས་ཚོད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་དགའ་ཚོར་ཆེན་པོའི་ངང་ཞལ་བཞེས་གནང་ཡོད་པ་བཅས།།

Share with your friends










Submit