ཟླ་བ་ ༧ ཚེས ༢༥ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ རེས་གཟའ་ལྷག་པ།

2018 07 24 Zanskar Gallery Gg08 Sa97862

 

༄༅།།ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་ཡོད།

དེ་ཡང་སྐབས་དེར་ཐོག་མར་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ལོ་ཤས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་ཆོས་དང་རིག་གཞུང་། ཤེས་ཡོན། ཁོར་ཡུག་དང་བཅས་པ་ཡར་རྒྱས་ཡག་ཐག་གཅོད་ཡོད་པ་གཟིགས་ནས་ད་ཆ་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཡོད་པ་ཐུགས་བརྩེ་བས་གཟིགས་ནས་ཟངས་དཀར་སྨན་ཁང་འདི་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་རས་བཀའ་དྲིན་བསྐྱངས་པ་ཞིག་ཡིན་པར་བརྟེན་བཀའ་དྲིན་བླ་མེད་དུ་ཆེ་ཞེས་སོགས་ལྷ་སྙན་སྒྲོན་འབུལ་ཞུས་པ་མ་ཟད། མ་འོངས་པར་ཟངས་དཀར་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་གསོལ་སྩལ་ཡོང་བའི་གསོལ་འདེབས་ཞུས།

དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གོང་དུ་ཆོས་འཕེལ་བཟོད་པས་བརྗོད་པ་ལྟར་རེད། འདིར་ས་ཆ་ཁུག་ཀྱོག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཐོག་ནས་དཀའ་ངལ་ཡོད་པ་ཞིག་རེད། བོད་ལུགས་དང་རྒྱ་སྨན་གཉིས་ཀའི་མཐུན་རྐྱེན་ཡོད་པ་ཞིག་བྱུང་ན་ཞེས་སྨན་ཁང་འདི་འགོ་བཙུགས་པ་རེད། རྐང་ཆོས་འཕེལ་བཟོད་པས་ཁུར་ཧ་ཅང་བླངས་ནས་ད་བར་དཀའ་ལས་བརྒྱབ་ནས་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་མི་མང་ལ་ཕན་ཐོགས་ཡོང་བ་འདི་གཙོ་བོ་ཁྱེད་རང་ཚོས་འདིར་ས་གནས་ས་ཐོག་ཏུ་དཀའ་ལས་རྒྱག་མཁན་ལས་བྱེད་པ་དང་། ལྷག་པར་སྨན་པ་རེད། ཁྱེད་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད། དེ་འདྲ་ཡིན་སྟབས་ལས་བྱེད་དང་སྨན་པ་ཚང་མར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངོས་རང་འདིར་དུས་དུས་ལ་ཡོང་བཞིན་ཡོད། ངོས་རང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་དཔལ་ནཱ་ལེནྡྲའི་སློབ་ཕྲུག་རིག་པ་སྨྲ་བ་ཞེས་ཕལ་ཆེར་བརྗོད་ཆོག་རྒྱུ་རེད། འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་ཏོག་ཙམ་བཤད་ཐུབ་མཁན་ཞིག་ཡོང་གི་འདུག དེར་བརྟེན་དེ་འདྲའི་ཐོག་ནས་མི་མང་ཚོར་ངོས་རང་ལ་བསམ་ཚུལ་ཡོད་པ་དེ་དག་རྟག་ཏུ་འབོད་སྐུལ་བྱས། ཁྱེད་ཚོས་ཀྱང་སྐྱབས་སུ་མཆི་ཞེས་པ་ཙམ་མིན་པར་ངོས་ཀྱིས་བཤད་པ་དེ་དག་ལ་རྒྱུ་མཚན་མཐོང་ནས་གང་ཐུབ་ཅི་ཐུབ་ལག་ལེན་བྱེད་བཞིན་པ་འདི་དངོས་གསལ་དོད་པོ་འདུག ངོས་རང་ཧ་ཅང་དགའ་པོ་བྱུང་།

ངོས་རང་འདི་ཁུལ་ཡོང་ནས་ངོས་ཀྱིས་འབོད་སྐུལ་བྱས་པ་དེ་དག་གི་དགོས་དོན་ཚང་བ་རེད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། རྒྱ་ཆེ་བ་ཞུ་རྒྱུ་གང་ཡང་མི་འདུག ཁྱེད་རང་ཚོ་དད་པ་དམ་ཚིག་གཡོ་བ་མེད་པ་རེད། འདིའི་ཐོག་ལ་སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར་ངོས་ཀྱིས་སློབ་སྦྱོང་བྱེད་དགོས་རེད། ཅེས་འབོད་སྐུལ་བྱས་པ་ལྟར་དགོན་པ་ཁག་ཚོས་སློབ་གཉེར་ཐོག་ལ་དོ་སྣང་བྱེད་རྒྱུ་ཡག་ཐག་གཅོད་འདུག ཁྱེད་རང་ཚོ་གྲྭ་ཕྲུག་ཆུང་ཆུང་གྲས་དང་ཁ་སང་སློབ་ཕྲུག་ཚོས་ཀྱང་རྟགས་གསལ་བཏང་བ་དེ་འདྲ་བྱུང་སོང་།

2018 07 24 Zanskar Gallery Gg07 Sa97816

སྤྱི་ཚོགས་གང་དུ་ཡིན་ཡང་སྤྱི་ཚོགས་དེ་ཡར་རྒྱས་འགྲོ་ཐུབ་དང་མ་ཐུབ་ཟེར་བ་དེ་གཙོ་ཆེར་ཤེས་ཡོན་ལ་རག་ལུས་ཡོད། དེར་བརྟེན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་སྦྱོང་དེའང་དེང་སྐབས་རིག་གསར་གྱི་ཤེས་ཡོན་ modern education དེ་ཕྱི་དངོས་པོ་ཡར་རྒྱས་རྐྱང་པར་དམིགས་པ་ཞིག་རེད་འདུག དེས་འདང་ངེས་ཤིག་མི་འདུག ང་ཚོར་ཕ་མེས་ནས་སངས་རྒྱས་པའི་ལྟ་གྲུབ་ཀྱི་རྗེས་སུ་བཞུགས་མཁན་ཞིག་རེད། སྤྱིར་རྒྱ་གར་གྱི་ཆོས་བརྒྱུད་རེད། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་ལ་སེམས་ཁམས་རིག་པ་དང་ཚད་མ་རིག་པ་འདི་གཞན་དང་མི་འདྲ་བ་ཞིག་ཡོད། དེ་དག་མཐའ་གཅིག་ཏུ་ཆོས་ཕྱོགས་ཀྱི་སྡེ་ཚན་ལ་མ་བཞག་པར་ཤེས་ཡོན་གྱི་སྡེ་ཚན་ལ་བཞག་ནས་ཏོག་ཙམ་དོ་སྣང་ལ་སློབ་སྦྱོང་བྱེད་ཐུབ་ན་དེས་ཕན་ཐོགས་ཡོང་རྒྱུ་རེད། དཔེར་ན་སྔ་མོ་པཎྜི་ཏ་ནེ་རུ་བཞུགས་སྐབས་ཁོང་གིས་རོགས་རམ་འོག་རྒྱ་གར་ནང་ལ་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ཡོད།

བོད་པའི་སློབ་གྲྭའི་དགེ་རྒན་གྲས་ལ་དེ་སྔ་ཆོས་དགེ་ཞེས་པ་ཞིག་ཡོད། ངོས་ཀྱིས་ཕྱིས་སུ་ཆོས་དགེ་བརྗོད་རྒྱུ་མི་འདུག ལྟ་གྲུབ་དགེ་རྒན་ཞེས་བརྗོད་དགོས་འདུག ཅེས་བརྗོད་པར་བརྟེན་ད་ལྟ་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་དེ་དག་ནང་དེ་སྔ་ཆོས་དགེ་ཚོས་འདོན་པ་བསླབས་ནས་འགྲོ་བཞིན་འདུག ངོས་ཀྱིས་དེ་ཙམ་གྱིས་འདང་གི་མི་འདུག་བསམ་དྲན་པ་རེད། ཆོས་དགེ་ཟེར་རྒྱུ་མི་འདུག ལྟ་གྲུབ་དགེ་རྒན་བརྗོད་དགོས་འདུག དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན་ཆོས་དགེ་བརྗོད་སྐབས་སངས་རྒྱས་ཆོས་ཚོགས་མ་ཞིག་བསླབས། མ་ཎི་བགྲང་རྒྱུ་ཙམ་མ་གཏོགས་གཞན་དེ་ཙམ་མེད་སྟབས་ཆོས་དགེ་ཐབས་ཆག་ཅིག་ཡོང་རྒྱུ་རེད།

ལྟ་གྲུབ་དགེ་རྒན་ཞེས་བརྗོད་པ་ཡིན་ན་སྔོན་ལ་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། ཞེས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་པ་དེ་ཚོའི་ཐོག་ནས་འགྲེལ་བཤད་རྒྱག་ཤེས་མཁན་ཞིག་དགོས། དེ་དག་གྲྭ་པ་དང་བླ་མ་གང་བྱུང་གིས་བཤད་ཐུབ་རྒྱུ་མ་རེད། དེར་བརྟེན་ངོས་ཀྱིས་ལྟ་གྲུབ་དགེ་རྒན་ཞེས་མིང་འདི་འགྱུར་བ་བཏང་བ་རེད། འདི་དཔེ་མཚོན་གཅིག་རེད། གང་ལྟར་ང་ཚོར་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོང་བ་འདི་ལྟ་གྲུབ་ཐོག་ནས་ཡོང་བཞིན་ཡོད། དད་པ་ཙམ་ཆོས་ལུགས་ཚང་མར་ཡོད། སོ་སོའི་སྐྱབས་གནས་ལ་དད་པ་བྱས་ནས་དད་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས་སྒོམ་རྒྱུ་དེ་དག་ཆོས་ལུགས་ཚང་མར་ཡོད། བཤད་མ་ཐག་པའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་འདི་སངས་རྒྱས་པའི་ལྟ་གྲུབ་ཀྱི་རྩ་བ་ལྟ་བུ་རེད། དེ་དག་ལས་འཕྲོས་ནས་འགྲེལ་བཤད་རྒྱག་སྐབས་འགྲེལ་བཤད་ཧ་ཅང་གཏིང་ཟབ་པོ་ཆགས་བཞིན་ཡོད། དེར་བརྟེན་དེ་དག་ཆོས་ཀྱི་སྡེ་ཚན་ནང་དུ་མ་གཞག་པར་ལྟ་གྲུབ་སྡེ་ཚན་ནང་བཞག་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་དང་། ཆོས་ལུགས་ལའང་དབྱེ་བ་མེད་པ། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་ལྟ་གྲུབ་དེ་ཚོའི་གྲས་བསླབ་ན་ཕན་ཐོགས་ཡོད།

ཁྱེད་ཚོ་སངས་རྒྱས་པའི་ཆོས་ལ་དད་པ་ཡོད། དད་པ་ཡོད་པ་འདི་གོ་ཆོད་པ་ཞིག་བྱེད་པར་སངས་རྒྱས་པའི་ལྟ་གྲུབ་སློབ་དགོས། ཁ་སང་ཁ་ཉིན་ངོས་ཀྱིས་བཤད་པ་ལྟར་མང་ཚོགས་ནས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་སྔ་དྲོ་ཁ་ཆེའི་སློབ་གྲྭ་དེར་ཡང་ངོས་ཀྱིས་བརྗོད་རྒྱུ་བྱུང་། ཁོར་ཡུག་ཐོག་དོ་སྣང་ཏོག་ཙམ་བྱེད་དགོས། རྡ་སར་འཛུགས་སྐྲུན་བྱེད་མཁན་གྱི་ལས་བྱེད་པ་དེ་འདྲས་མཚམས་རེ་ངོས་དང་ཐུག་སྐབས་སྐད་ཆ་ཡོང་བཞིན་འདུག སྐབས་དེར་ངོས་ཀྱིས་ཁོང་ཚོར་ད་ལྟ་ཁུལ་དེར་ཆུ་འབེལ་པོ་རེད། ངོས་རང་རྡ་སར་བསྡད་ནས་ལོ་ངོ་དྲུག་ཅུ་མིན་ཙམ་ཕྱིན་པ་རེད། ངོས་རང་ཐོག་མར་རྡ་སར་འབྱོར་སྐབས་དགུན་དུས་ཁ་བ་ཧ་ཅང་མང་པོ་བབ་ཀྱི་འདུག དེ་ནས་ལོ་རེ་བཞིན་ཁ་བ་ཉུང་དུ་ཕྱིན་ནས་དེང་སྐབས་ཁ་བ་གང་ཙམ་ཉུང་ཉུང་རེད། ད་ཆ་གང་ཙམ་ཉུང་དུ་ཕྱིན་འདུག དེར་བརྟེན་ངོས་ཀྱིས་ཁོང་ཚོར་ད་ལྟ་རྡ་སར་ཆུ་ཡོད་པ་དེ་རི་མགོར་དགུན་ཁ་གངས་བབ་པར་བརྟེན་ནས་ཆུ་འབེལ་པོ་ཡོང་བཞིན་ཡོད། གངས་ཉུང་དུ་ཉུང་དུ་འགྲོ་རྒྱུ་རེད། མ་འོངས་པར་གངས་རི་དེ་དག་མེད་པ་ཆགས་ཚེ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས་ད་ལྟ་ནས་ཆུ་མཛོད་རྒྱག་རྒྱུའི་ཐོག་བསམ་བློ་བཏང་ན་ཡག་པོ་རེད། ཅེས་ངོས་ཀྱིས་དེ་འདྲ་ཤོད་བཞིན་ཡོད།

ས་གནས་འདིར་མཚོན་ནའང་ད་ལྟ་ཕྱི་ལོ་ ༢༠༡༨ དེ་ནས་ ༢༠༢༨། ༢༠༣༨ སླེབ་སྐབས་ཕལ་ཆེར་གངས་དེ་དག་ཉུང་དུ་འགྲོ་རྒྱུ་རེད། རིམ་བཞིན་ཟངས་དཀར་ཡུལ་དང་ལ་དྭགས་ས་ཁུལ་མང་པོ་ཞིག་ལ་ཆུ་ཧ་ཅང་དཀོན་པ་ཆགས་རྒྱུའི་བཟོ་ལྟ་འདུག དེར་བརྟེན་ཁོར་ཡུག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ད་ལྟ་ཆུ་ཕྲན་བུ་ཡོད་པའི་དུས་སྐབས་འདིར་ཤིང་སྣ་འདེབས་འཛུགས་བྱ་རྒྱུས་མཚོན་གང་དང་གང་བྱེད་རྒྱུ་ཡོད་པ་དེ་ཚོའི་ཐོག་བསམ་བློ་གཏོང་དགོས། ཁོར་ཡུག་སྐོར་གྱི་མཁས་དབང་དེ་འདྲ་འབོད་ནས་སྐད་ཆ་དྲིས་དེ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོད། ངོས་རང་དེ་སྔ་ཨི་སི་རེལ་ཡུལ་དུ་ཐེངས་འགའ་ཤས་ཕྱིན་པ་རེད། ཇིའུ་གཞི་ཆགས་ཡོད་སའི་ས་ཁུལ་དུ་ཆུ་ཉུང་ཉུང་ཞིག་བེད་སྤྱོད་བྱས་ནས་ཤིང་སྣ་དང་སྔོ་ཚལ་འདེབས་འཛུགས་བྱ་རྒྱུ་ཧ་ཅང་བྱས་པར་བརྟེན་ལྗང་ཐིང་ངེ་འདུག

དེ་མིན་པེ་ལི་སི་ཊ་ཡིན་ Palestine ཡོད་སར་ཐལ་བ་ desert བྱས་ནས་འདུག ངོས་ཀྱིས་འདི་འདྲ་དྲན་བཞིན་འདུག གཅིག་བྱས་ན་ཨི་སི་རེལ་གྱི་ཁོར་ཡུག་མཁས་པ་དེ་འདྲ་དང་སྐད་ཆ་བཤད་ནས་བྱེད་རྒྱུ་གང་འདུག དེའི་ཐོག་བསམ་བློ་གཏོང་དགོས་པ་འདུག གཞན་ལོ་ ༢༠།༣༠ ཕྱིན་པའི་རྗེས་ལ་ཏན་ཏན་ཆུའི་དཀའ་ངལ་འཕྲད་རྒྱུ་རེད། ཁྱེད་རང་ཚོ་ཟངས་དཀར་བ་ཚང་མ་རྒྱབ་ཏུ་རྡོག་ཁྲེས་རེ་འཁུར་ནས་རྒྱ་གར་དམའ་སར་འགྲོ་རྒྱུ་འཁེལ་ཡོང་། ཞེས་ཞལ་ཤོབ་མཛད།

ང་ཚོ་ལོ་བརྒྱ་ཕྲག་སྟོང་ཕྲག་རིང་འདི་འདྲ་བྱས་ནས་བསྡད་པ་ཡིན། ད་དུང་མུ་མཐུད་འདི་འདྲ་བྱས་ནས་སྡོད་ཐུབ་རྒྱུ་རེད། འགྲིག་འགྲོ་རྒྱུ་རེད་བསམ་པའི་བསམ་བློ་དེ་མ་གཏོང་། ཁོར་ཡུག་ལ་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད། འཛམ་གླིང་ཚ་དྲོད་ཧ་ཅང་རྒྱས་བཞིན་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་མཐར་གོང་དུ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ཟངས་དཀར་དུ་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་སྩལ་ཡོང་བའི་གསོལ་འདེབས་ཞུས་པ་དེར་དགོངས་ནས་བཀའ་སློབ་སྩལ་དོན། གོང་དུ་ཆོས་འཕེལ་བཟོད་པས་ངོས་རང་ཟངས་དཀར་ཁུལ་འདིར་ཡང་ཡང་ཡོང་རོགས་ཟེར་བ་མ་ཟད། དུས་འཁོར་དབང་ཆེན་བྱེད་རོགས་ཟེར་བ་དེ་འདྲ་ཧ་ལམ་ཁག་པོ་རེད། དུས་འཁོར་དབང་ཆེན་སྔ་མོ་འདིར་བྱས་པ་རེད། དུས་འཁོར་དབང་ཆེན་ཞུས་ནས་རྟོགས་པ་སྙེད་པ་ག་ཚོད་ཡོད་དམ། ཞེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ད་ཕལ་ཆེར་ཡང་ཡང་ཡོང་ཐུབ་རྒྱུ་ཁག་པོ་རེད། ལོ་ཡང་མཐོ་རུ་འགྲོ་བཞིན་ཡོད། གང་ལྟར་ངོས་རང་འདིར་གཟུགས་པོ་དངོས་སུ་སླེབ་རུང་མ་སླེབ་རུང་ངོས་ཀྱིས་ཁྱེད་ཚོ་དད་ལྡན་སེམས་ཅན་སུ་གཅིག་ཀྱང་ངོས་ཀྱིས་དུས་ནམ་ཡང་རྗེད་རྒྱུ་མ་རེད། སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་ངོས་ལ་རེ་བ་དང་ཡིད་ཆེས། དད་པ་བྱེད་མཁན་ཚོ་ངོས་ཀྱིས་ནམ་ཡང་རྗེད་མི་ཡོང་། ཞེས་བཀའ་སློབ་སྩལ་རྗེས་ཉེ་འགྲམ་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ།

སྤྱིར་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་འདི་ཉིད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་རོགས་རམ་འོག་གསར་བཞེངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༦ ཉིན་དབུ་འབྱེད་རབ་གནས་མཛད་ཡོད།།

Share with your friends










Submit