ཟླ་བ་ ༦ ཚེས ༢ ༢༠༡༨
Published By Kalsang Dekyi
ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཨ་རི་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ ༦ ཚེས ༡ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་མངའ་སྡེ་ཝེར་མོན Vermont གཞུང་གི་དཔོན་རིགས་ཁག་གཅིག་མཇལ་འཕྲད་དང་། ཝར་མོན་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཨ་རི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་།  ཝར་མོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཞུང་ཞབས་ཟུར་པ་བསོད་ནམས་ཆོས་འཕེལ་ལགས་རྣམ་གཉིས་ཝར་མོན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པི་ཊར་ཧྥེ་རན་སེ་ཝེག་  Peter Francis Weich མཆོག་དང་མཇལ་ཐབས་བྱས་ཀྱང་ཁོང་ས་གནས་སུ་བཞུགས་མེད་སྟབས།
མངའ་སྡེའི་ངེས་སྟོན་པ་ State Director སྐུ་ཞབས་འཇོར་ཇེ་ཌེ་ཝེག George Twigg  ལགས་དང་མཇལ་འཕྲད་དང་། ཆུ་ཚོད ༣ ཐོག་གྲོང་ཁྱེར་སྦེར་ལེང་ཁྲུང Burlington གི་སྤྱི་ཁྱབ་པ་ Mayor སྐུ་ཞབས་མེའི་རོ་ཝེར་སྦར་སྒེར Miro Weinberger ལགས་དང་མཇལ་ཕྲད་གནང་ཡོད།
དེ་རྗེས་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ནས་ད་བར་བོད་རིགས་རྣམས་ལ་གཟིགས་རྟོགས་དང་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས། རྒྱལ་སྤྱིའི་ནང་རྒྱ་ནག་གི་ཤུགས་རྐྱེན་འགྱུར་འགྲོས་སྐོར་ངོ་སྤྲོད་གནང་། སྐུ་ཚབ་དོན་གཅོད་ནས་སུམ་དུས་སོགས་དུས་དྲན་སྐབས་གྲོང་ཁྱེར་ལས་ཁང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་གྲོང་ཁྱེར་མིང་ལ་བྱམས་བརྩེའི་གྲོང་ཁྱེར་མིང་འདོགས་ཡོང་བའི་འབོད་སྐུལ་ཞུས། 
ཆུ་ཚོད ༥ ཐོག་ཝར་མོན་མངའ་སྡེའི་ནང་ཡོད་པའི་བོད་མི་བརྒྱ་ཕྲག་ལྷག་ཙམ་ལ་གསུང་བཤད་དང་མང་ཚོགས་ཀྱིས་དྲི་བར་ལན་འདེབས་གནང་།
སྐབས་དེར་ཨ་རིི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་མཉམ་བཅར་ཞུས་ཡོད་པ་བཅས། །
Share with your friends










Submit