ཟླ་བ་ ༢ ཚེས ༢༧ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །ཉེ་སྔོན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་སློབ་གྲྭ་ཁག་བརྒྱད་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་ལེན་གནང་གཏན་འཁེལ་བར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དགེ་རྒན་དང་ལས་བྱེད་གྲངས་ ༡༥༨ ཀྱི་ས་མིག་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ ཉིན་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་འགོ་འཛུགས་ཡོད། འདེམས་སྒྲུག་འདི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་གནང་ཡོད།


སློབ་གྲྭ་ཁག་བརྒྱད་ནི་མོན་གྷོ་གཏན་ཉིན་སློབ་གྲྭ་དང་། སྦེལ་ཀོབ་དབུས་སློབ། སྦེལ་ཀོབ་བདེ་སླར་གཞིས་སློབ། ཌོ་ལན་ཇི་བོན་གཞིས་ཉིན་སློབ། ཀོ་ལེ་གྷལ་དབུས་སློབ། ཧུན་སུར་དབུས་སློབ། ཨོ་རི་ས་དབུས་སློབ། སོ་ན་མདའ་དབུས་སློབ་བཅས་ཡིན་པ་དང་། སློབ་གྲྭ་དེ་དག་གི་ཆེད་དུ་གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་ ༡༠༧ དང་། ལུས་རྩལ། ཟློས་གར། ཀམ་པུ་ཊར། ལྟ་གྲུབ་བཅས་ཀྱི་དགེ་རྒན་ ༢༧།  དཔེ་མཛོད་དོ་དམ་པ་ ༨ །དེ་མིན་ལས་བྱེད་ཁོངས་སུ་རྩིས་པ་དང་ལས་དྲུང་ས་མིག་ ༡༦ བཅས་ཁྱོན་བསྡོམས་དགེ་ལས་གྲངས་ ༡༥༨ འདེམས་སྒྲུག་གནང་གཏན་འཁེལ་ཡོད།


གསལ་བསྒྲགས་དགོངས་དོན་ཤེས་རིག་ལས་ཁུངས་སུ་འཚང་སྙན་གྲངས་ ༦༢༧ ཕུལ་འབྱོར་བྱུང་བའི་ཁོངས་ནས་འཚང་སྙན་ ༡༤༥ ཆ་རྐྱེན་མ་ཚང་བའི་དབང་གིས་རྩིས་མེད་ཕྱིན་འདུག དགེ་ལས་འདེམས་སྒྲུག་འདི་བཞིན་བཞུགས་སྒར་རྡ་རམ་ས་ལར་ཟླ་བ་འདིའི་ཕྱི་ཚེས་ ༢༦  ནས་ ༢༨ བར་གནང་བཞིན་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནང་གཏན་འཁེལ་འདུག མཐའ་མའི་གྲུབ་འབྲས་ཕྱི་ཟླ་ ༣ ཟླ་མཇུག་ཏུ་གསལ་བསྒྲགས་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit