རུ་ཊར་སི་ (Reuters) གསར་འགོད་པ་ཌེ་ཝི་ཌི་ལེག་ (David Lague) པོལ་མུ་ནི་ (Paul Mooney) བེན་ཇ་མིན་ཀེང་ལིམ་(Benjamin Kang Lim) ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༡ ཉིན།

༄༅། །འདི་ལོ་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཨལ་ཌར་ཤོ་ཊི་ (Aldershot) རྐང་རྩེད་སྤོ་ལོའི་ཐང་ཆེན་ནང་དུ་ཨིན་ཡུལ་ཁྱོན་ཡོངས་ནས་ནང་པ་སྟོང་ཕྲག་མང་པོས་ཉི་མའི་ཚ་གདུང་ལ་མ་འཛེམས་པར་ཁ་ཁུ་སིམ་པོའི་ངང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་སྒུག་ཞུ་བཞིན་ཡོད།

ཕྱོགས་མཚུངས་རྩེད་རའི་ཕྱི་རོལ་དུ་ནང་པ་ཁག་གཅིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་སྒུག་ཞུ་བཞིན་དུ་རྔ་བརྡུང་བ་དང་སྦྲགས། རྒྱང་གྲགས་ཐོག ཏཱ་ལ་རྫུན་མ། རྫུན་ཤོད་རྒྱུ་མཚམས་ཞོག ཅེས་སྐད་ཤུགས་ཆེན་པོས་བསྐྱར་ལྡབ་ཡང་ལྡབ་བྱས་པར་བརྟེན། རྣ་བར་སུན་བཙེར་ཆེ་བའི་བྲག་ཆའི་ཁྲོད་ཏཱ་ལའི་བླ་མའི་གསུང་སྐད་ཆུང་ཆུང་ལས་ཐོས་མ་ཐུབ་པར་གྱུར།

དེ་ཡང་མེན་ཆེ་སི་ཊར་ནས་ཏཱ་ལའི་བླ་མའི་གསུང་ཆོས་ཉན་དུ་བཅར་བའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་སྐུ་ཞབས་གེ་རི་བྷི་སི་ལེ་ (Gary Beesley) ལགས་ཀྱིས། ལས་འགུལ་འདིར་རྒྱ་ནག་གཞུང་དགའ་པོ་ཡོང་ངེས་གཏན་རེད་ཅེས་གསུངས།

ཏཱ་ལའི་བླ་མ་མཆོག་འཛམ་གླིང་ས་གནས་གང་སར་ཆིབས་སྒྱུར་སྐྱོང་སྐབས་ཁོང་ལ་རྗེས་དེད་ཀྱིས་ངོ་རྒོལ་སྐད་འབོད་བྱ་རྒྱུའི་ལས་གཞིའི་ཁོངས་ནས་ཨལ་ཌར་ཤོ་ཊིར་བྱུང་བའི་ངོ་རྒོལ་དེ་ཆ་ཤས་ཤིག་ཡིན་འདུག ཁོ་པ་ཚོས་རྒྱ་ནག་གུང་ཁྲན་ཏང་གི་བྱེད་སྟངས་དང་གཅིག་མཚུངས་ཐོག་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད། ཕྱི་ཚུལ་དུ་གླེང་གཞི་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་བརྒྱུད་ནང་བསྟན་གྱི་རྩོད་གཞི་རྙིང་པ་ཞིག་ཡིན་པ་ལྟ་བུར་མངོན་ཡང་། འདི་ག་གསར་ལས་ཁང་གིས་རྟོག་ཞིབ་བྱེད་སྐབས་ངོ་རྒོལ་བྱེད་མཁན་ནང་པའི་ཤོག་ཁག་དེའི་རྒྱབ་ཏུ་རྒྱ་ནག་དམར་ཤོག་ཚོགས་པ་ཡོད་པ་ཤེས་རྟོགས་བྱུང་།

ཆབ་སྲིད་ཀྱི་བཙན་བྱོལ་བ་ཏཱ་ལའི་བླ་མ་མཆོག་ལ་རྒྱ་རིགས་ས་ཡ་མང་པོས་དད་གུས་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་བྱུས་ཤོམ་མཁན་ཞིག་ཡིན་པར་རྩིས་ཏེ་ཡུན་རིང་ནས་ཁོང་གི་རྒྱབ་སྐྱོར་གྱི་ནུས་པ་དེ་དག་གཅོག་ཐབས་བྱེད་བཞིན་པའི་སྐབས་འདིར་དོལ་རྒྱལ་ཚོགས་པ་རྒྱ་ནག་གི་ལག་ཆ་གཙོ་བོར་གྱུར་བ་རེད། ངོ་རྒོལ་བ་དེ་དག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དོལ་རྒྱལ་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོ་པ་ཚོས་དོལ་རྒྱལ་རྩ་ཆེའི་སྲུང་མར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཏཱ་ལའི་བླ་མས་དོལ་རྒྱལ་དེ་དམ་སྲི་འབྱུང་པོ་ཞིག་ལ་རྩིས་ནས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུར་ལམ་ནོར་ལྡོག་ཤེས་མཛད་བཞིན་ཡོད་པར་བརྟེན། དོལ་རྒྱལ་རྗེས་འབྲང་པ་ཁོ་པ་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བྱུང་། ཞེས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་སྐྱོན་འཛུགས་ཞུ་བཞིན་ཡོད།

སྤྱིར་རྩོད་གཞི་འདི་སྐབས་ཤིག་ལ་མཐོ་སྒང་བོད་ཀྱི་ས་ཁུག་ལུང་ཁུག་ནང་རྟེན་གཞི་བྱས་པའི་ལྷ་ཁང་དང་དགོན་པ། དེ་བཞིན་ཕྱིས་སུ་རྒྱ་གར་བཙན་བྱོལ་སྤྱི་ཚོགས་ཀྱི་རྒྱ་ལས་མ་འདས་པའི་གླེང་གཞི་གཅིག་ཏུ་གནས་ཡོད་ཀྱང་། ད་ཆ་བྱང་ཨ་རི་དང་། ཡུ་རོབ། ཨོ་སི་ཊོ་ལི་ཡ་སོགས་ཀྱི་གཞུང་ལམ་དང་རྩེད་རའི་ནང་དུའང་གླེང་གཞི་འདི་བསླེབས་ཡོད། ངོ་རྒོལ་དེ་དག་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་དགེ་རྩ་ཚོགས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་ཡན་ལག་ཅིག་ཡོད་པ་དེས་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། ཚོགས་པ་དེའི་ཚོགས་མི་ཁོ་པ་ཚོས་ཆོས་དད་རང་དབང་ཁོ་ནའི་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་ལས་ངོ་རྒོལ་ནང་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་གང་ཡང་མེད་སྐོར་གསལ་བཤད་བྱས་བྱུང་།

ཕྱོགས་མཚུངས་ངོ་རྒོལ་ནང་ཡང་སེ་མཉམ་ཞུགས་བྱེད་མཁན་ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་ནི་ཀོ་ལ་སི་པིཊ་སིས་(Nicholas Pitts) བརྗོད་པ་ལྟར་ན། རྡོ་རྗེ་ཤུགས་ལྡན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབར་འབྲེལ་བ་གང་ཡང་མེད། ཅེས་བརྗོད།

འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ཡིག་ཆ་ཕྱིར་གྱར་བྱུང་བ་ལྟར་ན། རྩོད་གཞི་དེའི་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད། སྔ་ལོར་རྒྱ་ནག་དམར་ཤོག་ལས་བྱེད་ཁྲོད་འགྲེམས་སྤེལ་བྱས་པའི་ཡིག་ཆའི་ནང་དོན་ལྟར་ན། ཤུགས་ལྡན་གནས་ཚུལ་འདི་ནི་ང་ཚོས་ཏཱ་ལའི་རུ་ཚོགས་ལ་འཐབ་རྒོལ་བྱ་རྒྱུའི་མིག་སྔར་གྱི་ནུས་ཤུགས་གལ་ཆེ་བ་ཞིག་རེད། ཅེས་འཁོད། དེ་སྔ་རྒྱ་གར་དང་བལ་ཡུལ་བཅས་སུ་རྟེན་གཞི་བྱས་པའི་ཤུགས་ལྡན་ཚོགས་པའི་གལ་ཆེའི་ཚོགས་མི་ཟུར་པ་བླ་མ་ཚེ་བཀྲ་ལགས་ཀྱིས། འདི་ག་རུ་ཊར་གསར་ལས་ཁང་དུ་བརྗོད་པ་ལྟར་ན།

རྒྱ་ནག་གཞུང་གིས་ཁོང་དང་གཞན་ཁག་གཅིག་ལ་གླ་རྔན་སྤྲད་ནས་རྒྱལ་སྤྱིའི་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་ངོ་རྒོལ་བྱ་རྒྱུའི་འཆར་གཞི་དང་ལས་འགུལ་བཀོད་སྒྲིག་བྱེད་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། ལམ་སྟོན་བྱེད་མཁན་རྒྱ་ནག་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་གྱི་དམིགས་བསལ་ཆབ་སྲིད་ལས་དོན་ཚན་པའི་ལས་བྱེད་ཡིན་པ་མ་ཟད། དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་བྱེད་མཁན་ཡང་འཐབ་ཕྱོགས་གཅིག་འགྱུར་ཡིན་པ་དང་། རྒྱ་མིའི་ལས་བྱེད་དེ་དག་གིས་རྒྱ་ནག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས། དེ་བཞིན་ནུབ་ཕྱོགས་ཡུལ་གྲུར་ཤུགས་ལྡན་ཚོགས་པའི་གྲྭ་པ་རྒན་པ་ཚོར་རྒྱུད་སྐུལ་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ་འཇུག་བཞིན་ཡོད་པ་དང་། གྲྭ་པ་དེ་དག་དོལ་རྒྱལ་ཆོས་ཚོགས་ཁག་གི་འགོ་གཙོ་ཡིན་པ་བརྗོད་བྱུང་། གཞན་ཡང་བླ་མ་ཚེ་བཀྲས་དྲི་བ་དྲིས་ལན་སྐབས་གསུང་དོན། རྒྱ་ནག་གཞུང་གིས་ཁོང་ཚོ་ལག་ཆར་བཀོལ་ནས་ཏཱ་ལའི་བླ་མ་རྫུན་མ་ཡིན་པ་དང་། བོད་རྒྱུད་ནང་བསྟན་ཉམས་རྒུད་གཏོང་རྒྱུ། དེ་བཞིན་བོད་མིའི་གོང་བུའི་ནུས་པ་ཉམས་དམས་སུ་གཏོང་རྒྱུའི་རེ་ངན་དེ་དག་བསྒྲུབ་ཐབས་བྱེད་བཞིན་ཡོད། ཅེས་གསུངས།

ཤུགས་ལྡན་ཚོགས་པའི་གྲྭ་པ་རྒན་པ་ཚོར་རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་གཞུང་འབྲེལ་མཛད་སྒོའི་སྐབས་སུ་གལ་ཆེའི་སྐུ་མགྲོན་ལ་བརྩིས་ནས་སྣེ་ལེན་ཞུ་བཞིན་ཡོད་པ་མ་ཟད། མང་ཚོགས་ཡོད་སར་གྲྭ་པ་དེ་དག་པེ་ཅིང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་རྒྱབ་སྐྱོར་གྱི་ནུས་པ་ཉམས་དམས་སུ་གཏོང་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱེད་མཁན་རེད། ཅེས་འཚམས་འདྲི་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཙམ་མིན་པར། རྒྱ་ནག་གཞུང་འབྲེལ་གསར་ཤོག་དང་། རྡོ་རྗེ་ཤུགས་ལྡན་དྲ་རྒྱ་སོགས་ནང་བཀོད་འདུག

ཤུགས་ལྡན་ཚོགས་པའི་གྲྭ་པ་རྒན་པ་དེ་དག་གིས་ལམ་སྟོན་ལྟར་ཕྱི་སྡོད་བོད་རིགས་ཁག་གཅིག་གིས་ངོ་རྒོལ་ལས་འགུལ་དེ་དག་སྣེ་ཁྲིད་བཞིན་འདུག ཁོ་པ་ཚོས་འཛམ་གླིང་ས་ཕྱོགས་གང་སར་ཏཱ་ལའི་བླ་མའི་རྗེས་དེད་བྱས་ནས་ཁོང་ལ་མཚན་སྨད་དང་སྐྱོན་བརྗོད་ཞུ་བཞིན་ཡོད། ཁོ་པ་ཚོའི་ཁྲོད་ཁག་གཅིག་རྒྱ་ནག་ནང་དུ་གཞུང་འབྲེལ་མཛད་སྒོར་མཉམ་ཞུགས་བྱས་པ་མ་ཟད། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་གཞུང་ཚབ་ཁང་གི་ལས་བྱེད་དང་འབྲེལ་བ་ཡོད་འདུག འོན་ཀྱང་ཁོ་པ་ཚོས་ཆོས་དད་རང་དབང་ཁོ་ནའི་དོན་དུ་རྒྱགས་རང་ཁུར་ཐོག་ནས་འཐབ་རྩོད་བྱེད་བཞིན་པ་མ་གཏོགས་ལས་འགུལ་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་གང་ཡང་མེད་སྐོར་བརྗོད་ཀྱི་འདུག

ཚབས་ཆེའི་ཉེན་ཁ།

ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་ཕལ་ཆེ་བ་པིཊ་སི་(Pitts)ལྟ་བུ་ནུབ་ཕྱོགས་པ་ཡིན་པ་དང་། རྒྱ་གཞུང་གིས་ཤུགས་ལྡན་ཚོགས་པའི་གྲྭ་པ་རྒན་པ་ཚོར་ནུབ་ཕྱོགས་པ་ངོ་རྒོལ་བྱེད་མཁན་ག་ཚོད་ཡོད་མེད་མིང་ཐོ་བསྡུ་རུབ་བྱེད་དགོས་པའི་ལམ་སྟོན་བྱས་སྐོར་བླ་མ་ཚེ་བཀྲས་འདི་གར་བརྗོད་བྱུང་། རྒྱ་ནག་གཞུང་གིས་ངོ་རྒོལ་ལས་འགུལ་བ་ཚོར་ཐད་ཀར་གླ་རྔན་སྤྲད་པའི་དཔང་རྟགས་ང་ཚོར་མེད་ཀྱང་། རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཞིག་གིས་ང་ཚོར་བརྗོད་པ་ལྟར་ན། ཤུགས་ལྡན་ཚོགས་པར་རྒྱ་ནག་གཞུང་ནས་དཔལ་འབྱོར་གྱི་རོགས་སྐྱོར་ཐོབ་བཞིན་ཡོད་པ་རྒྱ་གར་གཞུང་གིས་ཤེས་ཀྱི་ཡོད། ཅེས་ཁོང་གིས་འགྲེལ་བརྗོད་གནང་བྱུང།

གཞན་ཡང་མིང་དངོས་སུ་སྨོས་འདོད་མེད་པའི་རྒྱ་གར་གསང་བའི་ལས་ཁུངས་ཀྱི་རྒྱལ་ནང་བདེ་འཇགས་ཚན་པའི་ལས་བྱེད་ཞིག་གིས་གསུང་དོན། ང་ཚོས་ཀྱང་དོལ་རྒྱལ་རྗེས་འབྲང་པ་ཚོར་གཟབ་ནན་ངང་ལྟ་བཞིན་ཡོད། གང་ཡིན་བརྗོད་ན་ཁོ་པ་ཚོར་བལ་ཡུལ་བརྒྱུད་རྒྱ་ནག་ནས་རོགས་དངུལ་ཐོབ་བཞིན་ཡོད། དེར་བརྟེན་ཁོ་པ་ཚོ་དམིགས་བསལ་དོ་སྣང་བྱེད་གཞི་ཞིག་ཆགས་ཡོད། ཅེས་གསུངས།

དེ་ཡང་འདི་ག་རུ་ཊར་སི་གསར་ལས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཤུགས་ལྡན་ཚོགས་པར་རྒྱབ་སྐྱོར་བྱས་ཚུལ་སྐོར་འདྲི་སྐབས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་དད་རང་དབང་ཐོག་བཙན་བཤད་བྱས་ནས་ཉེ་ལམ་བོད་མི་ཁག་གཅིག་ལ་སྡིགས་སྐུལ་གྱི་ཐབས་ལམ་སྣ་ཚོགས་འོག་དོལ་རྒྱལ་བསྟེན་མི་ཆོག་པའི་བཙན་བཀའ་བཏང་ཡོད།

གསར་ལས་ཁང་གིས་ཏཱ་ལའི་བླ་མ་མཆོག་ལ་གནད་དོན་འདིའི་སྐོར་བཀའ་འདྲི་ཞུ་ཐབས་བྱས་ཡོད་ཀྱང་ཁོང་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་གསུང་ཆོས་སྩོལ་བཞིན་པའི་སྐབས་འཁེལ་ཡོད་སྟབས། མཛད་ཁོམས་མེད་སྐོར་རྡ་སར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ལས་ཁུངས་ནས་གསལ་བཤད་གནང་བྱུང་།

དོལ་རྒྱལ་རྗེས་འབྲང་པ་ཚོའི་ལས་འགུལ་དེ་དག་གིས་ཏཱ་ལའི་བླ་མའི་མཚན་སྙན་ལ་དོ་ཕོག་ཇི་ཙམ་གཏོང་རྒྱུ་ཡིན་མིན་གསལ་པོ་ཞུ་རྒྱུ་མེད་ཀྱང་། ཤུགས་རྐྱེན་ཏན་ཏན་ཐེབས་བཞིན་ཡོད་པ་ནི་དཔེར་ན། ཏཱ་ལའི་བླ་མ་མཆོག་ཨ་རི་དང་ཡུ་རོབ། ཨོ་སི་ཊོ་ལི་ཡ་སོགས་སུ་ཆིབས་སྒྱུར་བསྐྱངས་པའི་གནས་ཚུལ་ཐོན་རེ་བཞིན་དོལ་རྒྱལ་རྗེས་འབྲང་པས་ཁོང་ལ་ཆོས་ལུགས་ཀྱི་རྨོངས་ཞེན་བྱེད་མཁན་ཡིན་པ་དང་། ཁོང་ལ་བོད་མིའི་ཚབ་བྱས་ནས་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་མེད་སྐོར་སྐྱོན་འཛུགས་བྱས་པ་གསར་ཤོག་ཁག་གི་ནང་འཆར་ཅན་ཐོན་བཞིན་འདུག དོལ་རྒྱལ་རྗེས་འབྲང་པའི་ངོ་རྒོལ་ལས་འགུལ་འདི་ད་ཆ་ངར་ཤུགས་ཧ་ཅང་ཆེན་པོ་ཆགས་ཡོད་སྟབས། ཨ་རི་དང་རྒྱ་གར་སོགས་ཀྱི་གསང་བའི་ལས་ཁུངས་ནས། ཏཱ་ལའི་བླ་མའི་སྐུ་ཕྱྭར་ཉེན་ཁ་ཧ་ཅང་ཡོད་སྐོར་ཉེན་བརྡ་བཏང་བའི་ཞུ་སྙན་ཞིག་འདི་ག་རུ་ཊར་སི་གསར་ལས་ཁང་ནས་བསྐྱར་ཞིབ་བྱས་པའི་ནང་འཁོད་འདུག འདི་ལོར་ཏཱ་ལའི་བླ་མ་མཆོག་ཨིན་ཡུལ་དུ་ཆིབས་སྒྱུར་ཐེངས་གཉིས་བསྐྱངས་ཡོད། ཁོང་ཆིབས་སྒྱུར་མ་བསྐྱང་གོང་ཙམ་དུ་ཨིན་ཡུལ་སྐུ་ཚབ་དོན་ཁང་ལ་ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཉེན་སྲུང་དང་འབྲེལ་བའི་ཡིག་ཆ་ཤོག་གྲངས་ ༡༨ ཅན་ཞིག་ཡོད་འདུག་པ་དེའི་ནང་དུའང་སྐུ་ཕྱྭར་ཉེན་ཁ་ཚབས་ཆེ་ཡོད་པ་གསལ་འདུག དེ་ཡང་སྐུ་ཚབ་དོན་ཁང་གིས་ཨིན་ཇིའི་ཕྱི་སྲིད་ལས་ཁུངས་ལ་ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཉེན་སྲུང་དང་འབྲེལ་བའི་ཡིག་ཆ་ཞིག་ཕུལ་བའི་ནང་དུ། ཉེ་ལམ་ཏཱ་ལའི་བླ་མ་མཆོག་ཨ་རི་དང་། ནི་དར་ལེན་ཌི། སུད་སི་བཅས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཡུལ་གྲུ་དེ་དག་གི་སྲིད་གཞུང་ཁག་ནས་ཏཱ་ལའི་བླ་མའི་སྐུ་ཕྱྭར་དེ་སྔ་ལས་སྲུང་སྐྱོབ་དོ་དམ་དུ་བཏང་གནང་ཡོད་སྐོར་གསལ་འདུག འོན་ཀྱང་ཡིག་ཆ་དེའི་ནང་དུ་ཏཱ་ལའི་བླ་མའི་སྐུ་ཕྱྭར་ཉེན་ཁ་བཟོ་མཁན་རྒྱ་ནག་གཞུང་རེད། ཅེས་ཉེས་འཛུགས་བྱས་མེད།

ཨ་རིའི་གཞུང་གི་ལས་བྱེད་ཟུར་པ་ཞིག་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་མི་སྣ་སྲུང་སྐྱོབ་ཚན་པར་རྡོ་རྗེ་ཤུགས་ལྡན་ཚོགས་པའི་སྐོར་ལ་རྒྱུས་མངའ་ཡོད་པ་དང་། ཁོ་པ་ཚོར་དམིགས་བསལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། ཅེས་གསུངས།

ཕྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨེ་ཤི་ཡ་དང་བོད་དོན་ཐོག་སློབ་སྟོན་པ་རྒན་གྲས་ཡིན་པ་ཀེ་ལི་ཀ་རི་ཡིས་ (Kelly Currie) གསུང་དོན།

ཤུགས་ལྡན་རྗེས་འབྲང་པ་ཚོར་གནད་དོན་འདིའི་ཐོག་ལ་སེམས་ཚོར་ཧ་ཅང་དྲག་པོ་འདུག རྒྱ་ནག་གཞུང་གིས་ཁོ་པ་ཚོ་གསོ་སྐྱོང་བྱས་པ་བརྒྱུད་བོད་མིའི་ཆིག་སྒྲིལ་གཏོར་བཤིག་གཏོང་རྒྱུའི་ལག་ཆར་བཀོལ་བཞིན་ཡོད། ཅེས་གསུངས། ཀེ་ལི་ཀ་རི་ཁོང་ནི་དེ་སྔ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་མྱོང་ཡོད། ལས་འགུལ་ཁང་དེ་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན།

ཏཱ་ལའི་བླ་མ་ཨ་རིར་ཆིབས་སྒྱུར་བསྐྱངས་སྐབས་འབྲེལ་ཡོད་ལས་ཁུངས་ནས་སྐུ་ཕྱྭའི་ཉེན་སྲུང་གི་མཐུན་འགྱུར་ཞུས་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ངོས་ལེན་གནང་ཡོད་ཀྱང་ཞིབ་ཕྲའི་སྐུ་ཕྱྭའི་ཉེན་སྲུང་ཐོག་ལས་དོན་ཇི་འདྲ་སྤེལ་ཡོད་པའི་སྐོར་ལ་རྒྱས་བཤད་གང་ཡང་གནང་མ་བྱུང་།

རྒྱ་གཞུང་གིས་ཏཱ་ལའི་བླ་མ་ནུས་མེད་དུ་གཏོང་རྒྱུའི་འབད་བརྩོན་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་རྡུང་འགོག་ཆེད་ཙམ་དུ་མ་ཟད། འཛམ་གླིང་ནང་རང་གིས་གང་བཤད་ཅིག་བྱེད་ཐུབ་ཆེད། གསང་བའི་ལམ་ནས་སྤེལ་བཞིན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན། འདི་ལོར་རུ་ཊར་སི་གསར་ལས་ཁང་གིས་ཞིབ་འཇུག་བྱས་འབྲས་སུ། རྒྱ་ནག་གཞུང་ནས་ཆེད་གཉེར་མི་སྣ་བརྒྱུད་གསང་བའི་ལམ་ནས་རྒྱལ་སྤྱིའི་རླུང་འཕྲིན་འབྲེལ་མཐུད་ཁང་ཆེད་འཛུགས་ཀྱིས་པེ་ཅིང་སྲིད་གཞུང་གི་ལངས་ཕྱོགས་རྣམས་སྦིར་བསྒྲགས་རྒྱ་ཆེ་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད།

དེ་བཞིན་ཆེད་རྩོམ་གཉིས་པར་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཡིན་ཟེར་ནས་རྫུན་འབག་གྱོན་པའི་ཚོགས་པ་དེ་འདྲས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས། རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་སུ་ཡིན་རུང་དེར་ཧམ་པ་ཆེན་པོས་ཐོག་ནས་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད། དོན་དངོས་ཚོགས་པ་དེ་དག་རྒྱ་ནག་གཞུང་གིས་རྒྱུད་སྐུལ་བྱས་པ་ཞིག་རེད།

ཏཱ་ལའི་བླ་མར་མཚོན་ན། པེ་ཅིང་སྲིད་གཞུང་གིས་ནང་པའི་ཤོག་ཁག་གཅིག་བདམས་པ་བརྒྱུད་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་གདོང་ལེན་བྱས་པ་ཙམ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་རྣམས་ལ་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྟོབས་ཤུགས་ངོམས་ནས་དགྲ་བོར་འཛིན་བཞིན་པའི་བོད་མི་དེ་དག་ཉམས་དམས་སུ་གཏོང་ཐབས་བྱེད་བཞིན་ཡོད། ནུབ་ཕྱོགས་སྲིད་གཞུང་ཁག་གཅིག་རྒྱ་ནག་གི་གནོན་ཤུགས་འོག་ཚུད་བཞིན་ཡོད། དཔེར་ན། འདས་པའི་ལོ་གཅིག་དང་ཕྱེད་ཀའི་ནང་ཨིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་ཝི་ཌི་ཀེམ་མེ་རོན་(David Cameron)མཆོག་དང་། དེ་སྔའི་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་ཊོ་ནི་ཨེ་བྷོ་ཊི་ (Tony Abbott) མཆོག དེ་བཞིན་ནོར་ཝེའི་སྲིད་བློན་ལྕམ་སྐུ་ཨེར་ན་སོལ་བྷག་ (Erna Solberg) མཆོག་བཅས་ཀྱིས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུས་མེད། གནད་དོན་དེའི་སྐོར་ལ་འདི་ག་རུ་ཊར་སི་གསར་ལས་ཁང་གིས་དེ་སྔའི་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་ཊོ་ནི་ཨེ་བོ་ཊི་མཆོག་དང་ནོར་ཝེའི་སྲིད་བློན་ལྕམ་སྐུ་ཨེར་ན་སོལ་བྷག་མཆོག་རྣམ་གཉིས་ལ་བཅར་འདྲི་ཞུ་བརྩིས་བྱས་ཀྱང་ཁོང་གཉིས་ཀྱིས་ཡར་ལན་གང་ཡང་གནང་མ་བྱུང་།

ལོན་ཌོན་དུ་རྗེས་དེད་བྱས་པ།

ཨིན་གཞུང་ལ་རྒྱ་ནག་གཞུང་གི་གནོན་ཤུགས་ལྷག་པར་ཐེབས་ཡོད། ནུབ་ཕྱོགས་ཡུལ་གྲུ་གཞན་དང་མི་འདྲ་བར་ཨིན་གཞུང་གིས་ཏཱ་ལའི་བླ་མའི་ཆིབས་སྒྱུར་སྐབས་༸སྐུ་ཕྱྭའི་ཉེན་སྲུང་ཐོག་མཐུན་འགྱུར་ཞུ་གི་མེད། འདི་ལོར་ཏཱ་ལའི་བླ་མ་ཨིན་ཡུལ་དུ་ཆིབས་སྒྱུར་ཐེངས་གཉིས་གྲ་སྒྲིག་ཞུ་སྐབས་གོ་སྒྲིག་ཚོགས་ཆུང་གིས་ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཉེན་སྲུང་གི་གནད་དོན་དང་འབྲེལ་བའི་ཡིག་ཆ་ཤོག་གྲངས་ ༡༨ ཅན་ཞིག་ཨིན་གཞུང་ལ་ཕུལ་བ་བརྒྱུད་ཏཱ་ལའི་བླ་མའི་༸སྐུ་ཕྱྭར་ཉེན་ཁ་ཧ་ཅང་ཡོད་སྟབས་འགན་མི་བཟོད་པར་བརྟེན། ཨིན་གཞུང་གིས་༸སྐུའི་སྲུང་སྐྱོབས་ཆེད་མཐུན་འགྱུར་གནང་དགོས་པའི་འབོད་སྐུལ་ཞུས་འདུག འོན་ཀྱང་ཌེ་ཝིཌ་ཀེ་མེ་རུན་གཞུང་གིས་དེར་མོས་མཐུན་གནང་མེད་པ་གོ་སྒྲིག་ཚོགས་ཆུང་གིས་བརྗོད་ཡོད། ཏཱ་ལའི་བླ་མའི་ཆིབས་སྒྱུར་ཐེངས་གཉིས་པ་མཇུག་སྒྲིལ་ནས་ཆིབས་ཞལ་སྒྱུར་བཞིན་པའི་སྐབས་ངོ་རྒོལ་བ་ཚོས་ལོན་ཌོན་གཞུང་ལམ་ཐོག་ཁོང་གི་ཆིབས་འགྲོར་རྗེས་འདེད་བྱས་ཡོད་འདུག

དེ་ཡང་ཏཱ་ལའི་བླ་མ་མཆོག་གི་ཨིན་ཡུལ་ནང་ཆིབས་སྒྱུར་ཐེངས་གཉིས་པའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་ལོན་ཌོན་གསོལ་མགྲོན་ཁང་ནས་ཕེབས་ཐོན་གནང་སྐབས་སྟོན་འཁོར་ཚོར་སྣུམ་འཁོར་ག་གེ་མོ་ཞིག་གིས་ཁོང་ཚོར་རྗེས་དེད་གཏོང་བཞིན་ཡོད་པའི་ཚོར་སྣང་བྱུང་འདུག དེ་ཡང་སྟོན་འཁོར་ནང་ཡོད་པའི་ཨིན་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དབང་འདུས་ཚེ་རིང་ལགས་ནི་སྐབས་དེར་ཏཱ་ལའི་བླ་མའི་ཆིབས་འགྲོའི་རྒྱབ་ཏུ་ཡོད་འདུག ཁོང་གིས་གསུང་དོན། སྐབས་དེར་གཞུང་ལམ་འགྲུལ་བཞུད་ཀྱི་ཁྲིམས་ལུགས་ལྟར་གློག་དམར་པོས་མོ་ཊ་གཞན་རྣམས་འགྲོ་མི་ཆོག་པར་བཀག་བསྡོམས་བྱས་ཡོད་ཀྱང་། གློ་བུར་དུ་མོ་ཊ་ཆ་རྒྱུས་མེད་པ་ཞིག་གློག་དམར་པོ་དེར་རྩིས་མེད་བཏང་ནས་ང་ཚོའི་རྒྱབ་ཏུ་ལྷགས་པར་བརྟེན། ང་ཚོ་རྗེས་དེད་བྱེད་ཀྱི་ཡོད་པའི་དོགས་པ་བྱུང་ཞེས་བརྗོད་བྱུང། དེ་ནས་ཏཱ་ལའི་བླ་མའི་སྐུ་སྲུང་བ་ཚོས་ཉེན་རྟོག་ལས་ཁུངས་ལ་ཁ་པར་བཏང་རྗེས་སྐར་མ་བཅུའི་ནང་ཚུད་ལ་ཉེན་རྟོག་མི་སྣ་འབྱོར་ནས་རྗེས་དེད་གཏོང་མཁན་མོ་ཊ་དེ་བཀག་ཡོད་འདུག རྗེས་དེད་གཏོང་མཁན་མོ་ཊའི་ནང་དུ་ཡོད་པའི་མི་གཉིས་ལས་གཅིག་ཤུགས་ལྡན་ངོ་རྒོལ་བ་ཡིན་པ་སྐུ་སྲུང་བ་ཚོས་ངོ་རྟགས་ཆོད་ཐུབ་པ་བྱུང་ཡོད་སྐོར་ཚེ་རིང་ལགས་ཀྱིས་གསུང་དོན། ང་ཚོས་ཁོ་པ་སུ་ཡིན་ཤེས་ཀྱི་ཡོད། ཅེས་གསུངས། ལོན་ཌོན་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པས་གནས་ཚུལ་དེ་འདྲ་ཞིག་བྱུང་བའི་དཔང་རྟགས་མེད་སྐོར་བརྗོད།

ཨིན་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཉེན་སྲུང་གྱི་མཐུན་འགྱུར་མི་ཞུ་བའི་རྒྱུ་མཚན་སྐོར་གྲོས་ཚོགས་འཐུས་མི་ཊིམ་ལོབ་ཊོན་(Tim Loughton)མཆོག་ལ་དྲིས་པར་ཁོང་གིས། དེ་ནི་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་འགུར་བ་ཞིག་ཡིན་པ་ཁོ་ན་ལས་རྒྱུ་མཚན་གཞན་གང་ཡང་མཐོང་གི་མིན་འདུག ཅེས་གསུངས།

སྤྱིར་ཁོང་ནི་སྲིད་བློན་ཌེ་ཝི་ཌི་ཀེ་མེ་རུན་(David Cameron)མཆོག་གིས་གཞུང་འཛིན་བཞིན་པའི་རྙིང་ཞེན་ཚོགས་པའི་(Conservative Party) གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

ཨིན་ཇིའི་ནང་སྲིད་ལས་ཁུངས་ཀྱིས། བདེ་འཇགས་དང་འབྲེལ་བའི་གནད་དོན་ཐོག་ང་ཚོས་འགྲེལ་བརྗོད་བྱེད་ཀྱི་མེད། ཅེས་གསུངས།

འདི་ག་རུ་ཊར་སི་གསར་ལས་ཁང་གི་དྲི་བར་ཨིན་ཇིའི་སྲིད་བློན་ལས་ཁུང་ནས་ལན་འདེབས་གནང་དོན། ང་ཚོས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁོང་ཨིན་ཡུལ་དུ་དེ་སྔ་ཆིབས་སྒྱུར་ཐེངས་མང་བསྐྱངས་པར་ང་ཚོས་དུས་རྟག་ཏུ་དགའ་བསུ་ཞུས་ཡོད། རྒྱ་ནག་གཞུང་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སྐབས་ང་ཚོས་ལངས་ཕྱོགས་བརྟན་པོ་རྒྱུན་སྐྱོང་བྱེད་བཞིན་ཡོད། ཅེས་གསུངས།

ཏཱ་ལའི་བླ་མ་མཆོག་ཨིན་ཡུལ་དུ་ཆིབས་སྒྱུར་བསྐྱངས་ནས་ཟླ་བ་གཅིག་གི་རྗེས་ཏེ་ཕྱི་ཟླ་ ༩ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐེངས་དང་པོར་ཨིན་ཡུལ་དུ་ཕེབས་སྐབས་ཨིན་ཇིའི་སྲིད་བློན་ཀེ་མེ་རུན་གྱིས་ས་གདན་དམར་པོ་བཏིང་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ཡུལ་གཉིས་དབར་ཨིན་སྒོར་ཐེར་འབུམ་ ༤༠ (ཨ་སྒོར་ཐེར་འབུམ་ ༦༠)ཙམ་གྱི་ཚོང་འབྲེལ་ཐོག་གན་རྒྱ་འཇོག་ཐུབ་ཡོད་སྐོར་ཨིན་གཞུང་གིས་གསལ་བསྒྲགས་སྤེལ་ཡོད།

མིག་གསུམ་དང་རལ་གྲི་ཞིག

ལོ་ངོ་ལྔ་བཅུ་ལྷག་ཙམ་གོང་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་པ་དེར་གདོང་ལེན་བྱས་ཀྱང་ལམ་ལྷོང་མ་བྱུང་སྟབས། ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ད་ཆ་ཏཱ་ལའི་བླ་མ་དགུང་གྲངས་ ༨༠ ཕེབས་ཡོད། རྒྱ་ནག་མཐའ་མཚམས་ས་ཁུལ་གྱིས་གཙོས་བོད་མི་ས་ཡ་དྲུག་ལྷག་ལ་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། ཁོང་གིས་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ཏེ་བོད་མི་ཚོར་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ཐོབ་ཐབས་མཛད་བཞིན་ཡོད་ཀྱང་། པེ་ཅིང་སྲིད་གཞུང་གིས་ཏཱ་ལའི་བླ་མར་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད། ད་ཆ་ཆོས་མེད་སྨྲ་བ་རྒྱ་ནག་གུང་ཁྲན་ཚོགས་པས་ཤུགས་ལྡན་ཚོགས་པར་ནུས་པ་ཡོད་ཚད་སྤུངས་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཤུགས་ལྡན་ཟེར་བ་དེ་དགོན་པ་དང་ལྷ་ཁང་གི་ལྡེབས་རིས་ངོས་སུ་ཁྲོ་བའི་རྣམ་འགྱུར་ལྡན་ཞིང་མིག་གསུམ་དང་ལག་ཏུ་རལ་གྲི་ཐོག་ནས་སེངྒེར་ཞོན་པའི་འབྱུང་པོ་ཞིག་ཡིན། ས་ཁྱོན་ཆེ་ཞིང་རང་འབྱུང་ཐོན་སྐྱེད་ཕྱུག་པ་དང་། ས་བབ་ཆ་ནས་ཧ་ཅང་གནད་འགག་ཆེ་བའི་བོད་ནང་དབང་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱ་ནག་གཞུང་གི་མཐར་ཐུག་དམིགས་ཡུལ་ཡིན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། ཏཱ་ལའི་བླ་མར་རྒྱབ་སྐྱོར་ཞུ་མཁན་གཙོ་གྲས་ཁག་གཅིག་གིས་བརྗོད་པ་ལྟར་ན། རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མའི་ཆེ་མཐོང་མུ་མཐུད་ཉམས་མེད་དུ་གནས་ཡོད་པ་དང་། དེང་སྐབས་སུའང་ཁོང་གིས་མི་ཚོགས་ཧ་ཅང་མང་པོ་འདུ་བསྐོང་གནང་ཐུབ་ཀྱི་ཡོད། འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་གྱི་མཛད་སྒོའི་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཏཱ་ལའི་བླ་མ་མཆོག་ནི་ཁོང་གི་གྲོགས་པོ་ཡག་པོ་ཞིག་ཡིན། ཞེས་ཆེ་བསྟོད་ཞུས་ཡོད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་ཏཱ་ལའི་བླ་མར་རྒྱབ་སྐྱོར་ཞུ་མཁན་རི་ཆ་ཌི་གེར་(Richard Gere)གྱིས། ཁོ་པ་ཚོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དང་གཅིག་མཚུངས་ཐོག་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་པ་དེ་ནི་ཧ་ཅང་ཅོལ་ཆུང་གི་བྱེད་སྟངས་ཤིག་ཡིན། པེ་ཅིང་གཞུང་གིས་ཤུགས་ལྡན་གྱི་གནད་དོན་ཐོག་སྲིད་བྱུས་ཇི་འདྲ་ཞིག་འཛིན་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གིས་བོད་ནང་ཏང་གི་ཚོགས་མི་རྣམས་ལ་ནང་མོལ་ཐོག་དོལ་རྒྱལ་གནད་དོན་ལ་སྟངས་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་འགྲེམས་སྤེལ་བྱས་པ་དེའི་ནང་གསལ་ཡོད།

ཡིག་ཆ་དེ་ནི་སྔ་ལོ་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས་འགྲེམས་སྤེལ་བྱས་པ་དེ་འདི་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཕྱིར་གྱར་བྱུང་འདུག དེ་ཡང་ལམ་སྟོན་ཡིག་ཆ་དེའི་ནང་ཏང་གི་ལས་བྱེད་པ་ཚོས་དོལ་རྒྱལ་བསྟེན་གསོལ་ཐོག་གླེང་གཞི་ཡོད་སྐོར་གྱི་དྲིལ་བསྒྲགས་མི་ཆོག་པ་དང་། འོན་ཀྱང་ཏང་གི་ཚོགས་མི་ཚོས། ཏཱ་ལའི་རུ་ཚོགས་ཀྱིས་རྩོད་གཞི་དེར་སྙད་འདོགས་བྱས་ནས་མེ་རྒྱལ་ཁ་བྲལ་དང་མཐུན་སྒྲིལ་གཏོར་བཤིག་གཏོང་ཐབས་བྱེད་བཞིན་ཡོད་པ་ངེས་པར་དུ་ཤེས་པའི་ཐོག་ནས་བྱུས་ངན་དེ་དག་ཐལ་བར་རློག་དགོས། ཞེས་འཁོད་ཡོད་པ་མ་ཟད། ཏང་གི་ལས་བྱེད་ཚོས་ཀྲུང་དབྱང་སྲིད་གཞུང་ལ་ཁ་ཞེ་གཉིས་མེད་ཀྱི་ལ་རྒྱ་ཡོད་པའི་བླ་ཆེན་མི་སྣ་ཁག་གདན་འདྲེན་ཞུས་ནས་ཏཱ་ལའི་བླ་མས་ཤུགས་ལྡན་བསྟེན་གསོལ་མི་ཆོག་པའི་བཙན་བཀའ་བཏང་བ་དེ་རང་ཚང་དམར་རྗེན་དུ་བཏོན་ནས་སྐྱོན་བརྗོད་བྱེད་དགོས། ཏཱ་ལའི་བླ་མའི་ཤུགས་ལྡན་ཐོག་འཛིན་པའི་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་བརྡབ་དཀྲུག་བཟོ་མཁན་ཚོར་ཁྲིམས་ལུགས་ལྟར་ཁྲིམས་གཅོད་ནན་པོ་གཏོང་རྒྱུ་ཡིན། ཞེས་འཁོད་ཡོད། ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་ནི་ཀོ་ལ་སི་པིཊས་ (Nicholas Pitts)གྱིས། ཁྱེད་ཚོས་ཡིག་ཆ་འདི་འཁྱེར་ནས་ལྟོས་དང་། རྒྱ་གཞུང་གིས་ཤུགས་ལྡན་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་འདུག ཟེར་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་རྒྱུ་མ་རེད། ཅེས་ཟེར་བ་མ་ཟད། ད་དུང་ཁོ་པས་ཡིག་ཆ་དེའི་དོན་ཚན་ཞིག་ལ་དམིགས་འཛུགས་བྱས་ནས། འདིར་རྒྱ་གཞུང་གིས་ཆོས་ཁས་ལེན་མིན་སུས་ཀྱང་ཤུགས་ལྡན་ཁ་འཁྱེར་བྱས་ནས་མང་ཚོགས་འདུ་སྐོང་བྱས་ནས་ཟིང་འཁྲུག་བསླངས་པ་ཡིན་ན་ཁྲིམས་ཆད་གཏོང་རྒྱུ་ཡིན་པ་གསལ་ཡོད། ཅེས་བརྗོད།

བླ་མ་ཚེ་བཀྲས་ཉེས་འཛུགས་བྱས་པ།

ཆ་འཇོག་འོས་པའི་བོད་བརྒྱུད་ནང་བསྟན་ཐོག་གི་མཁས་དབང་ཨ་རིའི་ཀོ་ལམ་བྷི་ཡ་མཐོ་སློབ་ནས་ཡིན་པའི་སྐུ་ཞབས་རོ་བྷར་ཊི་བྷར་ནེ་ཊི་(Robert Barnett)དང་། ཨ་རིའི་ཨིན་ཌི་ཡ་ན་མཐོ་སློབ་ནས་ཡིན་པ་སྐུ་ཞབས་ཨེལ་ལོ་ཡི་ཊི་སི་པར་ལིང་(Elliot Sperling) རྣམ་གཉིས་ཀྱིས་ཡིག་ཆ་དེར་བསྐྱར་ཞིབ་བྱས་མཐར་གསུང་དོན། ཡིག་ཆ་དེ་དག་ངོ་མ་རང་ཡིན་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད།

ཤུགས་ལྡན་ཚོགས་པའི་ཚོགས་མི་ཟུར་པ་ཡིན་པ་བླ་མ་ཚེ་བཀྲས། འདི་ཤུགས་ལྡན་གྱི་གནས་ཚུལ་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད། ཅེས་བརྗོད། རང་ལོ་ ༤༢ ལ་སོན་པའི་བླ་མ་ཚེ་བཀྲ་ནི་དེ་སྔ་ཤུགས་ལྡན་ཚོགས་པའི་ལས་སྣེ་རྒན་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༩༧ ནས་ ༢༠༠༦ བར་ཁོང་གི་ལས་འགན་གཙོ་བོ་དེ་རྒྱ་ནག་དཔོན་རིགས་ཚོ་དང་འབྲེལ་བ་བྱེད་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་ལས་འགུལ་དེ་མཚམས་བཞག་ཡོད། འོན་ཀྱང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་དེ་ནི་རྒྱ་ནག་གཞུང་གི་རེ་འདུན་ལྟར་ཏཱ་ལའི་བླ་མ་རྒྱ་གར་དང་ནུབ་ཕྱོགས་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཁོང་ལ་མཚན་སྨད་ཞུ་མཁན་དོལ་རྒྱལ་ཚོགས་པར་རྒྱུད་སྐུལ་བྱེད་མཁན་ལྟེ་བ་དེ་ཡིན་པ་ཁོང་གིས་ངོས་འཛིན་བྱས་ཐུབ་ཡོད།

འཐབ་ཕྱོགས་གཅིག་འགྱུར་ཁང་ལ་དབང་ཆ་ཆེན་པོ་ཡོད་པ་དང་། ཚོགས་པ་དེར་རྒྱ་ནག་རྒྱལ་ནང་དང་ཕྱི་རྒྱལ་སྤྱི་ཚོགས་ཁྲོད་གལ་ཆེའི་མི་སྣའི་བསམ་བློ་ཏང་གི་ཕྱོགས་ལ་འགུག་ཐབས་བྱ་རྒྱུའི་ལས་འགན་བཀོད་བསྡོམས་བྱས་ཡོད། དོལ་རྒྱལ་གྱི་རྩོད་གཞི་དེར་ཉམས་ཞིབ་དང་སློབ་སྦྱོང་གནང་མཁན་བོད་པའི་དགེ་འདུན་པ་དང་མཁས་དབང་གཞན་ཁག་གཅིག་ནས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དབང་ཆ་སྲ་བརྟན་ཡོང་སླད་བེད་སྤྱོད་བྱ་རྒྱུའི་ལས་ཁུངས་གཙོ་བོ་འཐབ་ཕྱོགས་གཅིག་འགྱུར་ཁང་ཟེར་བ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

“ཉེ་ལམ་ཏཱ་ལའི་བླ་མར་མཚན་སྨད་ཞུ་དགོས་པའི་དོལ་རྒྱལ་ཚོགས་པར་ལམ་སྟོན་རྒྱུད་སྐུལ་བྱེད་མཁན་བྱེད་གཏེའི་ཁོངས་ནས་གཙོ་བོ་གཅིག་ཀྲུའུ་ཝེ་ཆུན་ཟེར་བ་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ལས་བྱེད་གཙོ་གྲས་ཁོང་རེད།” ཅེས་བླ་མ་ཚེ་བཀྲས་གསུངས། རང་ལོ་ ༦༨ ལ་སོན་པའི་ཀྲུའུ་ནི་ཉམས་མྱོང་ལྡན་པའི་ཏང་གི་ལས་བྱེད་གཅིག་ཡིན་པ་དང་། དེ་སྔ་བླ་མ་ཚེ་བཀྲ་ཤུགས་ལྡན་ཚོགས་པའི་ཚོགས་མི་ཡིན་སྐབས་ཀྲུའུ་ཝེ་ཆུན་འཐབ་ཕྱོགས་གཅིག་འགྱུར་གྱི་ཚོགས་གཙོ་གཞོན་པ་ཡིན་འདུག ད་ལྟའི་ཆར་ཁོང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡིན་པ་དང་། ལྷན་ཁང་དེས་ཏང་གི་གྲོས་ཚོགས་ལ་ལམ་སྟོན་བྱེད་བཞིན་ཡོད། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་ཀྲུའུ་ཝེ་ཆུན་ཁོ་པ་བོད་ནང་ཀྲུང་དབྱང་གཞུང་གི་ལས་བྱེད་གཙོ་གྲས་ཤིག་ཡིན་པ་ཡང་ཡང་བསྒྲགས་པ་མ་ཟད། ཁོ་པས་བརྒྱུད་ལམ་དེ་དག་ཏུ་གཏམ་བཤད་དང་བཅར་འདྲི་སོགས་ཀྱི་ལམ་ནས་ཏཱ་ལའི་བླ་མར་མཚན་སྨད་ཤུགས་ཆེ་ཞུ་བཞིན་ཡོད། ཁོ་པ་ཞིང་ཆེན་ཁག་གི་སྤྱི་ཁྱབ་དང་གནས་རིམ་འདྲ་མཉམ་ཡིན་འདུག དེ་ཡང་འདི་ག་རུ་ཊར་སི་(Reuters) གསར་ལས་ཁང་ནས་ཀྲུའུ་ཝེ་ཆུན་ལ་བཅར་འདྲི་བྱེད་ཐབས་བྱས་ཀྱང་ཁོ་པས་ཡ་ལན་བྱས་མ་བྱུང་། ཚེ་བཀྲས་ཁོང་དང་ཤུགས་ལྡན་ཚོགས་པའི་གྲྭ་པ་གཞན་ཁག་གཅིག་རྒྱ་ནག་དང་བལ་ཡུལ། དེ་བཞིན་བོད་ཀྱི་ས་ཁུལ་ཁག་ཏུ་ཐེངས་མང་བསྐྱོད་ནས་ཁོ་པ་ཚོས་ཀྲུའུ་ཝེ་ཆུན་དང་རྒྱ་ནག་དཔོན་རིགས་གཞན་ཁག་གཅིག་དང་ཐུག་འཕྲད་ལན་མང་བྱས་མྱོང་ཡོད་པ་བརྗོད་བྱུང་། དེ་ཡང་འདི་ག་རུ་ཊར་སི་གསར་ལས་ཁང་གིས་ཚེ་བཀྲར་བཅར་འདྲི་བྱེད་སྐབས་ཁོང་ལ་རྒྱ་མིའི་ཕྱི་སྐྱོད་ལག་ཁྱེར་གཉིས་ཡོད་པ་མ་ཟད། ལག་ཁྱེར་དེ་དག་ནང་ཁོང་རྒྱ་ནག་ཏུ་ཐེངས་ ༡༥ ཕྱིན་པའི་དམ་ཕྲུག་བཀོད་པ་བཏོན་རྒྱུ་འདུག ཁོང་གིས་གསུང་པ་ལྟར་ན་ཁོང་བོད་ནང་བསྐྱོད་ཐེངས་མཐའ་མ་དེ་ཕྱི་ལོ་ ༢༠༠༦ ལོར་ཡིན་འདུག སྤྱིར་ཀྲུའུ་ཝེ་ཆུན་གྱིས་རྒྱ་ནག་གཞུང་འབྲེལ་གསར་ལམ་ནང་ཏཱ་ལའི་བླ་མར་མཚན་སྨད་ཤུགས་ཆེ་ཞུས་ཀྱང་ནང་པའི་གྲྭ་པ་གཞན་ཞིག་སྟེ་གངས་ཅན་བླ་མ་ཟེར་བ་ཁོང་ལ་ཆེ་བསྟོད་ཧ་ཅང་བྱེད་བཞིན་ཡོད། ཚེ་བཀྲ་དང་བོད་བརྒྱུད་ནང་བསྟན་ཐོག་ནུབ་ཕྱོགས་པའི་མཁས་དབང་ཁག་གཅིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གི་ཕྱི་ལ་ཡོད་པའི་དོལ་ཚོགས་འགོ་ཁྲིད་ཤུགས་ཆེ་ཤོས་མི་ལན་དུ་རྟེན་གཞི་བྱས་པའི་གངས་ཅན་བླ་མ་ཡིན་འདུག ཚེ་བཀྲས་ཁོང་རང་ཉིད་དང་གངས་ཅན་བླ་མ་ལྷན་དུ་ཡོད་པའི་པར་རྣམས་བསྟན་བྱུང་།

ཕ་རན་སི་ནས་ཡིན་པའི་བོད་བརྒྱུད་ནང་བསྟན་ཐོག་མཁས་པ་དང་། (TibetInfoNet) ཞེས་པའི་དྲྭ་རྒྱའི་འགན་འཛིན་ཡང་ཡིན་པ་ཐེ་རི་ཌོ་ཌིན་(Thierry Doddin)གྱིས་བླ་མ་གངས་ཅན་ནི་ཤུགས་ལྡན་ལས་འགུལ་སྤེལ་མཁན་ཁྲོད་ནུས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོ་པ་ནི་ཏང་ཀྲུང་དབྱང་སྲིད་གཞུང་དང་ཏང་གི་འགོ་ཁྲིད་ཚོར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་ཞིག་རེད། ཅེས་བརྗོད། ཚེ་བཀྲས་གསུང་པ་ལྟར་ན། བླ་མ་གངས་ཅན་གྱིས་ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་ཡོད་པའི་ཤུགས་ལྡན་ཚོགས་པའི་འགོ་ཁྲིད་དང་རྒྱ་ནག་དཔོན་རིགས་དབར་ཚོགས་འདུ་ཐོག་མ་དེ་གོ་སྒྲིག་བྱས་འདུག

ཧ་ཅང་གལ་གནད་ཅན་གྱི་གྲྭ་པ་ཞིག

བླ་མ་གངས་ཅན་སྒེར་གྱི་དྲ་རྒྱ་ Lama Gangchen Peace Publication ཟེར་བའི་ནང་འཁོད་དོན་ལྟར་ན། ཁོ་པ་ཕྱི་ལོ་ ༡༩༤༡ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༦༣ ལོར་ཁོ་པ་རྒྱ་གར་དུ་བཙན་བྱོལ་ལ་མ་ཡོང་གོང་བོད་ཀྱི་དགོན་སྡེ་ཁག་ཏུ་སློབ་གཉེར་བྱས་ཏེ་ཕྱིས་སུ་ཡུ་རོབ་ཁུལ་དུ་གནས་སྤོ་བྱས་རྗེས་ད་སྐབས་ཨི་ཊ་ལིའི་མི་སེར་ཡིན་འདུག

ཁོ་པ་རྒྱ་ནག་ཏུ་ཐེངས་མང་བསྐྱོད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་གྲས་ཁག་དང་ཡང་སེ་ཐུག་འཕྲད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཆོས་ལུགས་ཚོགས་ཆེན་ཁག་ཏུའང་ཁོ་པར་ཆེ་བསྟོད་དང་སྣེ་ལེན་གཟབ་རྒྱས་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ནང་ཁོ་པ་རྒྱ་ནག་གི་ཝུ་ཞི་ (wUxi) གྲོང་ཁྱེར་དུ་ནང་པའི་འགོ་ཁྲིད་གཞན་ཁག་གཅིག་དང་ལྷན་དུ་མཛད་སྒོར་བསླེབས་པའི་པར་དེ་འདྲ་རྒྱ་ནག་གཞུང་འབྲེལ་གསར་ལམ་ནང་ཐོན་ཡོད།

དེ་ཡང་ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་ཁང་གི་སློབ་དཔོན་སི་པར་ལིང་(Sperling)དང་། ལོན་ཌོན་ཝེ་སི་མིན་སི་ཊར་མཐོ་སློབ་ཀྱི་ཉེ་བའི་སློབ་དཔོན་སྡིབ་ཡེ་ཤི་ཨ་ནནྡཱ་(dibyesh Anand)གཉིས་ཀྱིས། རྒྱ་ནག་གཞུང་འབྲེལ་མཛད་སྒོ་དང་འཐབ་ཕྱོགས་གཅིག་འགྱུར་གྱི་མཛད་སྒོ་སོགས་སུ་བླ་མ་གངས་ཅན་ལ་གལ་ཆེའི་སྐུ་མགྲོན་མི་སྣར་སྣེ་ལེན་ཞུས་པ་ལྟར་བྱེད་བཞིན་ཡོད་པ་དངོས་སུ་མཐོང་ཡོད་སྐོར་བརྗོད་བྱུང་།

རྩོམ་ཡིག་འདིའི་བཅར་འདྲིར་བླ་མ་གངས་ཅན་གྱི་མགྲིན་ཚབ་མས་དང་ལེན་མ་བྱས་ཀྱང་ཁོ་པས་བརྗོད་དོན། ཤུགས་ལྡན་ཚོགས་པའི་ལས་འགུལ་ནང་བླ་མ་གངས་ཅན་ལ་ཐེ་བྱུས་གང་ཡང་མེད་པ་དང་། ཁོང་ནི་དོལ་རྒྱལ་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ཁོ་ནར་བརྩོན་མཁན་ཞིག་ཡིན། ཞེས་ཟེར།

བླ་མ་ཚེ་བཀྲས་བརྗོད་དོན་ལྟར་ན། རིམ་བཞིན་དོལ་རྒྱལ་ལས་འགུལ་སྤེལ་སྟངས་དེར་ཁོང་ལ་མི་བདེ་བ་ཞིག་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༦ ཙམ་ལ་རྒྱ་ནག་གཞུང་གིས་ཁོང་ལ་དོགས་ཟོན་བྱེད་འགོ་བཙུགས། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་ཉིན་གྲངས་ ༢༥ རིང་བཀག་ཉར་བྱས་ཡོད་ཀྱང་ཁོང་གིས་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོར་ཁོང་དོལ་རྒྱལ་ལ་མཐའ་གཅིག་ཏུ་ཡིད་ཆེས་བློ་འགེལ་བྱེད་མཁན་གྱི་གྲྭ་པ་ཞིག་ཡིན་ཚུལ་བཤད་རྗེས་གཞི་ནས་གློད་བཀྲོལ་ཐོབ་ཡོད་པ་བརྗོད་བྱུང་། འདི་ག་རུ་ཊར་སི་གསར་ལས་ཁང་ལ་ཚེ་བཀྲ་བཀག་ཉར་བྱས་པའི་དཔང་རྟགས་ཁུངས་སྐྱེལ་མེད།

ཕྱིས་སུ་ཕྱི་ལོ་ ༢༠༠༦ ལོར་ཁོང་ཨ་རིར་བསྐྱོད་ཐེངས་ཤིག་སྐབས་སྐྱབས་བཅོལ་ཞུས་རྗེས་ཕྱི་ལོ་ ༢༠༠༧ ལོར་ཁོང་ལ་ཆབ་སྲིད་སྐྱབས་བཅོལ་ཐོབ་ཡོད་པའི་ཡིག་ཆ་འདི་ག་རུ་ཊར་སི་གསར་ལས་ཁང་ལ་བསྟན་བྱུང་། ཁོང་གིས་བརྗོད་དོན་ལྟར་ན། ཏཱ་ལའི་བླ་མར་ངོ་རྒོལ་བྱས་པ་དེས་བོད་མི་ནང་ཁུལ་འགལ་ཟླ་བཟོ་བཞིན་ཡོད་སྟབས། ད་ཆ་ཁོང་གིས་དོལ་རྒྱལ་ཚོགས་པའི་ལས་འགུལ་ནང་འགན་ཇི་འདྲ་འཁྱེར་ནས་ལས་ཀ་བྱས་པའི་རྒྱུད་རིམ་རྣམ་ཕྱིར་བསྒྲགས་བྱ་རྒྱུ་ཡིན། ཞེས་བརྗོད།

འདི་ག་རུ་ཊར་སི་གསར་ལས་ཁང་གིས་གསར་ཤོག་དང་འདྲ་པར། གཟུགས་མཐོང་བརྙན་འཕྲིན་གྱི་གསར་འགྱུར་ཚན་པ། སྤྱི་ཚོགས་དྲ་ལམ་ཁག་ཏུ་བཞག་པའི་བརྙན་འཕྲིན། དེ་བཞིན་ཤུགས་ལྡན་ཚོགས་པའི་དྲིལ་བསྒྲགས་ཡིག་ཆ་སོགས་བརྒྱུད། ང་ཚོས་ཨོ་སི་ཊོ་ལི་ཡ་དང་། ཨིན་ཡུལ། ཨ་རི། ཡུ་རོབ་བཅས་སུ་ངོ་རྒོལ་དུ་བྱེད་མཁན་བོད་མི་བྱེད་གཏེ་རྣམས་ངོས་འཛིན་ཐུབ་པ་བྱུང་།

རང་ལོ་ ༥༣ ལ་སོན་པའི་བསོད་ནམས་རིན་ཆེན་ནི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་བོད་མིའི་མགྲིན་ཚབ་པ་ཡིན་ཞིང་ངོ་རྒོལ་ཁག་ཏུ་མངོན་གསལ་དོད་པོས་མཉམ་ཞུགས་བྱེད་བཞིན་ཡོད། ཁོ་པ་ཨ་རིའི་མེ་སི་ཅུ་སེ་ཊི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལྷོ་ཌི་ཡར་ཕིལ་ཌི་ཞེས་པའི་ནང་རྡོ་བཟོ་བའི་ལས་ཀ་བྱེད་བཞིན་ཡོད་འདུག

བསོད་ནམས་རིན་ཆེན་གྱིས་ང་ཚོར་ཁ་པར་ཐོག་བརྗོད་དོན། ངས་རྒྱ་ནག་གཞུང་གི་གླ་རྔན་བཟས་ནས་ཏཱ་ལའི་བླ་མ་བཀྲོངས་རྩིས་བྱེད་བཞིན་ཡོད་པའི་ཉེས་འཛུགས་འོག་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཏཱ་ལའི་བླ་མའི་༸སྐུ་ཕྱྭའི་གནད་དོན་ཐོག་ང་ལ་འདྲི་རྩད་ཐེངས་གཉིས་བྱས་བྱུང་། གཉིས་པ་དེ་ཕྱི་ལོ་ ༢༠༡༢ ལོར་ཏཱ་ལའི་བླ་མ་མཆོག་ཨ་རིའི་བྷོ་སི་ཊོན་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་སྐབས་རེད། ཉེས་འཛུགས་བྱེད་མཁན་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་ངོ་རྒོལ་བ་ཚོར་མིང་རྗེས་བཟོ་ཆེད་དེ་ལྟར་བྱས་པ་ཞིག་ཡིན་པ་མ་གཏོགས་དེར་གཞི་རྩ་གང་ཡང་མེད། ཅེས་བཤད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གནད་དོན་འདིའི་སྐོར་འགྲེལ་བརྗོད་གང་ཡང་བྱས་མེད།

འགྲོ་གྲོན་ཧ་ཅང་ཆེན་པོ་འདུག

བསོད་ནམས་རིན་ཆེན་གྱིས་བརྗོད་དོན། ང་ཚོའི་ངོ་རྒོལ་གྱི་ལས་འགུལ་ནང་རྒྱ་གཞུང་གིས་ཐེ་ཇུས་གང་ཡང་བྱེད་ཀྱི་མེད། ང་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་བྱས་པ་དེར་རྒྱ་ནག་གཞུང་ཏན་ཏན་དགའ་པོ་ཡོང་ངེས་ཀྱང་ང་ཚོས་རྒྱ་གཞུང་དགའ་པོ་ཡོང་ཆེད་ངོ་རྒོལ་བྱས་པ་ཞིག་མིན། ང་ཚོས་ཆོས་དད་རང་དབང་ཐོབ་ཆེད་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བརྗོད། སྤྱིར་ཁོ་པ་ཨ་རིའི་ནང་གནས་སྡོད་བྱས་ནས་ལོ་ངོ་སུམ་ཅུ་ཙམ་ཕྱིན་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༩ ནང་ཏཱ་ལའི་བླ་མ་ཨིན་ཡུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་བསོད་ནམས་རིན་ཆེན་གྱིས་ངོ་རྒོལ་ནང་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་དོན། ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་ས་གནས་སུ་འགྲུལ་གླ་དང་། ཁ་ལག་དོད་སྤྲད་པ་གཏོགས་གནམ་གླ་དང་མགྲོན་ཁང་གི་གླ་ཆ་ཡོངས་རྫོགས་ངོ་རྒོལ་བྱེད་མཁན་ཚོས་རྒྱག་རང་འཁུར་བྱེད་བཞིན་ཡོད། ལས་འགུལ་དེར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གཙོ་བོ་འགྲོ་སོང་རེད། འགྲོ་གྲོན་ཧ་ཅང་ཆེན་པོ་འདུག ཅེས་བརྗོད་བྱུང་། འོན་ཀྱང་འགྲོ་སོང་གཏོང་རྒྱུའི་དཀའ་ངལ་དེ་ཚང་མར་འཕྲད་ཀྱི་མེད། དཔེར་ན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ནང་ཏཱ་ལའི་བླ་མ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་གཏན་འཁེལ་སྐབས། ཨིན་ཡུལ་ནས་རོམ་ནང་ངོ་རྒོལ་བྱེད་དུ་འགྲོ་མཁན་ཡོད་ན་མན་ཆེ་སི་ཊར་ནས་རྒྱལ་ས་རོམ་བར་གནམ་གྲུའི་རྐུབ་སྟེགས་གྲངས་ ༤༠ ལག་འཁྱེར་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་སྦྱིན་བདག་བྱ་རྒྱུའི་གསལ་བསྒྲགས་ཤིག་ཚོགས་པ་དེའི་དྲ་རྒྱའི་ཐོག་སྤེལ་ཡོད། དྲ་རྒྱ་དེའི་ནང་གསལ་ལྟར་ན། ངོ་རྒོལ་བྱེད་མཁན་ཚོར་གནམ་གྲུ་ཙམ་མ་ཟད། བཟའ་ཆས་དང་མགྲོན་ཁང་གི་སྦྱིན་བདག་ཡོངས་རྫོགས་ཚོགས་པ་དེས་བྱ་རྒྱུ་ཡིན། ཞེས་དྲིལ་བསྒྲགས་བྱས་ཡོད།

རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ནི་ཕྱི་ལོ་ ༢༠༡༤ ལོར་ཨ་རིིའི་གྲོང་ཁྱེར་ཁེ་ལི་ཕོར་ནི་ཡའི་ནང་དགེ་རྩ་ཚོགས་པའི་མིང་ཐོག་དེབ་སྐྱེལ་བྱས་པ་དང་། དེབ་སྐྱེལ་ལས་ཁུངས་ཀྱི་ཡིག་ཆའི་ནང་གསལ་ལྟར་ན། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་ཕྱི་ལོ་ ༢༠༡༤ ལོའི་ཁྲལ་བབ་འགེངས་ཤོག་ནང་དུ། ཚོགས་པ་དེར་དངོས་རྫས་རིན་ཐང་ཨ་སྒོར་ ༢༧,༤༧༡ ཡོད་པ་དང་། ཡོང་འབབ་ཨ་སྒོར་ ༦༩,༢༣༥ ཙམ་ཡོད་སྐོར་གསལ་འདུག

ངོ་རྒོལ་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་མང་ཚོགས་དཀྱུས་མའི་ཁྲོད་ཕལ་མོ་ཆེ་ནུབ་ཕྱོགས་མི་རིགས་ཡིན་ཞིང་། ཁོ་པ་ཚོ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་ཚོགས་མིའམ་ཡང་ན་ཆོས་ཚོགས་ཀྱི་དགེ་ཕྲུག་ཡིན་འདུག འོན་ཀྱང་ངོ་རྒོལ་ལས་འགུལ་ནང་ཚོགས་པས་ཆ་ཤས་གང་ཡང་བླངས་མེད་སྐོར་བཀའ་གདམས་གསར་མའི་ཚོགས་མིས་བརྗོད་བྱུང་། ང་ཚོས་བཀའ་གདམས་གསར་མའི་ཆོས་ཚོགས་ནང་ཚོགས་མི་གྲངས་ཇི་ཡོད་དྲིས་ཀྱང་གསལ་བཤད་བྱས་མ་བྱུང་། འོན་ཀྱང་ཚོགས་མི་རྙིང་པས་ཚོད་དཔག་བྱས་པ་ལྟར་ན། རྒྱལ་སྤྱིའི་ཁྱོན་དུ་ཚོགས་མི་གྲངས་ ༦༠༠༠ ཡོད་པ་བརྗོད་བྱུང་། བཀའ་གདམས་གསར་མ་འཛུགས་མཁན་དང་ད་ལྟའི་འགོ་གཙོ་སྐལ་བཟང་རྒྱ་མཚོ་ཟེར་བ་བོད་པའི་གྲ་པ་ཞིག་ཡིན་པ་དང་། ཁོ་པ་ཕྱི་ལོ་ ༡༩༧༧ ལོར་རྒྱ་གར་ནས་ཨིན་ཡུལ་དུ་གནས་སྤོ་བྱས་འདུག དེ་ཡང་བཀའ་གདམས་གསར་མའི་དྲ་རྒྱའི་ནང་འཁོད་དོན་ལྟར་ན། ཚོགས་པ་འདི་ཨིན་ཡུལ་དུ་དགེ་རྩ་ཚོགས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་ཤིང་རྒྱལ་ཁབ་ ༤༠ ནང་དུ་ཚོགས་པའི་ཡན་ལག་གྲངས་ ༡,༢༠༠ ཙམ་ཡོད་འདུག ཕྱི་ལོ་ ༢༠༡༤ ལོ་མཇུག་བར་ཚོགས་པ་དེའི་མིང་ཐོག་ནས་ཨིན་སྒོར་ས་ཡ་ ༢༡.༨ ཡོད་པ་ཨིན་ཡུལ་དེབ་སྐྱེལ་ལས་ཁུངས་ཀྱི་འགེངས་ཤོག་ནང་གསལ་འདུག

མི་མཐུན་ཕྱོགས་ཀྱི་དྲིལ་བསྒྲགས།

བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་ཀེ་རོལ་མིཀ་ཀེར་(Carol McQuire)གྱིས་བརྗོད་དོན་ལྟར་ན། ངོ་རྒོལ་བྱེད་མཁན་ཁྲོད་མང་པོ་ཞིག་རྒྱ་ནག་གཞུང་གིས་མངགས་པའི་མི་ཡིན་པ་མ་ཟད། ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་པ་མང་པོས་སྤྱང་གྲུང་མ་བྱས་པར་བརྟེན་རྒྱ་ནག་གཞུང་ལ་དགོས་རྒྱུའི་ལས་ཀ་དེ་རིན་མེད་ཐོག་ནས་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་དགའ་པོ་ཡོང་ངེས་གཏན་རེད། ཅེས་བརྗོད། ཀེ་རོལ་མིཀ་ཀེར་ཁོང་མོར་མཚོན་ན་ལོ་ངོ་དགུ་ཙམ་གོང་ལམ་ནོར་ལྡོག་ཤེས་ཀྱིས་ལས་འགུལ་དེ་ནས་ཕྱིར་འཐེན་བྱས་ཡོད། ཤུགས་ལྡན་ཚོགས་པའི་ངོ་རྒོལ་ལས་འགུལ་ལ་དོ་སྣང་ཡོང་བཞིན་ཡོད། ཏཱ་ལའི་བླ་མ་མཆོག་ཕྱི་ལོ་ ༢༠༡༥ ལོར་ཨ་རིར་ཆིབས་སྒྱུར་བསྐྱང་སྐབས་རུ་ཊར་སིས་གཙོས་ (Reuters) གསར་འགྱུར་བརྒྱུད་ལམ་ཁག་མང་པོས་ཤུགས་ལྡན་ཚོགས་པའི་ངོ་རྒོལ་ལ་དོ་སྣང་བྱས་པ་ཙམ་མ་ཟད། ཁོ་པ་ཚོའི་དཀའ་ངལ་ཡོད་ཚུལ་བཤད་པ་དེ་དག་གསར་ཤོག་ཁག་ཏུ་བཏོན་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༦ ནང་ཏཱ་ལའི་བླ་མ་ཨོ་སི་ཊོ་ལི་ཡར་ཉིན་བཅུ་གཉིས་རིང་ཆིབས་སྒྱུར་བསྐྱངས་སྐབས་ (Sydney Morning Herald) དང་ (The Age) གསར་ཤོག་སོགས་སུ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་དང་བཀའ་གདམས་གསར་མའི་ཚོགས་མི་པིཊ་སིས་(Pitts) བྲིས་པའི་རྩོམ་ཡིག་ཞིག་ཀྱང་བཀོད་འདུག རྩོམ་ཡིག་དེའི་ནང་ཁོ་པས་བཤད་དོན།

ཏཱ་ལའི་བླ་མ་ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་ཡིན། འོན་ཀྱང་ཆབ་སྲིད་འགོ་ཁྲིད་གཞན་དང་མི་འདྲ་བར་ཏཱ་ལའི་བླ་མས་གང་བཤད་པ་དང་ལག་ལེན་གཉིས་མཚུངས་མིན་ཐད་རྟོག་ཞིབ་བྱེད་མཁན་སུ་གཅིག་ཀྱང་མེད་པ་ལྟ་བུ་འདུག

ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༩ པར་ཏཱ་ལའི་བླ་མས་ཨིན་ཡུལ་ནང་མཛད་འཕྲིན་བསྐྱངས་པའི་སྐབས་ཤིག་ལ་ཤུགས་ལྡན་ཚོགས་པས་སྐད་ཤུགས་ཆེན་པོས་ངོ་རྒོལ་བྱས་པའི་གནས་ཚུལ་གཅིག་སྦི་སྦི་སི་(BBC)དང་། ཨ་ཡི་ཊི་ཝི་(ITV)གཉིས་ནང་བཀོད་པ་མ་ཟད། བརྒྱུད་ལམ་གཉིས་ཀས་པིཊ་སི་(Pitts)ལའང་བཅར་འདྲི་བྱས་པའི་གནས་ཚུལ་བཏོན་འདུག

ཨ་ཡི་ཊི་ཝི་(ITV)གསར་འགྱུར་བརྒྱུད་ལམ་ནང་ཏཱ་ལའི་བླ་མ་དང་ཁོང་ལ་མཚན་སྨད་ཞུ་མཁན་ཕྱོགས་གཉིས་ཀའི་སྐོར་ལ་བྲིས་ཡོད། དེས་གང་མཚོན་བཞིན་ཡོད་བརྗོད་ན། ངོ་རྒོལ་དེ་དག་གིས་ཏཱ་ལའི་བླ་མའི་མཚན་སྙན་ལ་གནོད་སྐྱོན་གཏོང་བཞིན་ཡོད་པ་མཚོན། དེ་ཡང་ཨ་ཡི་ཊི་ཝི་གསར་འགོད་པ་མེ་ཐེའུ་ཧཌ་སན་(Matthew Hudson)གིས་བརྗོད་དོན། འདི་ག་ནུབ་ཕྱོགས་ཡུལ་གྲུའི་ནང་ཏཱ་ལའི་བླ་མ་སྙན་གྲགས་ཧ་ཅང་ཆེ་བ་དང་ཁོང་ནི་གུས་བརྩི་ཧ་ཅང་ཞུ་ཡུལ་གཅིག་ཡིན་པ་ང་ཚོས་མཐོང་བཞིན་ཡོད། འོན་ཀྱང་ཁོང་ལ་ཞེ་སྡང་དྲག་པོའི་ཐོག་ནས་ངོ་རྒོལ་བྱེད་མཁན་དང་། དོལ་རྒྱལ་རྗེས་འབྲང་པར་ཕར་རྒོལ་བྱེད་མཁན་ཕྱོགས་གཉིས་ལ་བལྟ་སྐབས། ཧ་ཅང་འཁྲུག་ཆ་དོད་པའི་འཇིག་རྟེན་འདིའི་ས་བབ་དང་ཆོས་ལུགས་ཀྱི་རྩོད་རྙོག་ཁྲོད་སྐྱོན་བརྗོད་བྱེད་མི་རུང་ས་མི་གཅིག་ཀྱང་མིན་འདུག་སྙམ་པ་བྱུང་། ཞེས་བརྗོད། ཏཱ་ལའི་བླ་མར་ངོ་རྒོལ་བྱ་རྒྱུའི་གནས་སྟངས་དེར་པེ་ཅིང་སྲིད་གཞུང་གིས་དགའ་བསུ་ཞུ་བཞིན་ཡོད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ལྷན་ཙོགས་ཀྱི་ཞར་བྱུང་ཚོགས་འདུའི་སྐབས་ཤིག་ཏུ་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆུན་གྱིས་དེང་སྐབས་རྒྱལ་སྤྱིའི་གསར་འགོད་པ་ཚོས་ཏཱ་ལའི་བླ་མར་དོ་སྣང་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་བཞིན་ཡོད། ཅེས་བཤད་ཡོད། འོན་ཀྱང་བོད་རིག་པའི་མཁས་པ་ཚོས་བརྗོད་པ་ལྟར་ན། ཏཱ་ལའི་བླ་མའི་མཚན་སྙན་དང་སྐུ་དབང་ལ་བརྟེན་ཁོང་གིས་དོལ་རྒྱལ་ལ་མོས་མཐུན་མ་མཛད་པ་དེའི་ཤུགས་རྐྱེན་འོག་བོད་དང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཧ་ཅང་ཇེ་ཉུང་དུ་ཕྱིན་ཡོད།

བོད་རིགས་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་ཏཱ་ལའི་བླ་མའི་རྗེས་འབྲང་པ་ཚོས་ཁོ་པ་ཚོར་ལས་ཀ་ནས་ཕྱིར་འབུད་བཏང་བ་དང་། ཚོང་ཁང་སོགས་ནང་ལས་ཀ་བྱེད་མ་བཅུག་པ་སོགས་བྱས་ནས་ཁོ་པ་ཚོའི་ཆོས་དད་ལ་བརྟེན་ནས་ཟུར་འབུད་བྱས་པ་བཤད་ཀྱི་ཡོད། ཏཱ་ལའི་བླ་མའིི་རྗེས་འབྲང་པ་འགའ་ཤས་ཀྱིས་དེ་ལྟར་དབྱེ་འབྱེད་ཕྲན་བུ་བྱུང་ཡོད་པར་ངོས་ལེན་བྱེད་བཞིན་ཡོད། འོན་ཀྱང་དེ་དག་ཏཱ་ལའི་བླ་མས་རྒྱུད་སྐུལ་བྱས་པ་ཞིག་དང་། ཡང་ན་འཆར་གཞི་ལྡན་པའི་ཐོག་ནས་བྱས་པ་ཞིག་རྩ་བ་ནས་མིན་པ་བརྗོད་བཞིན་འདུག

མིག་ལམ་དུ་གཟན་པའི་སྦྱར་པང་།

ཕྱི་ལོ་ ༡༩༩༦ ལོར་ཤུགས་ལྡན་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་ཐོག་མར་སྤེལ་སྐབས་མངོན་གསལ་ཆུང་ལ་སྐབས་རེ་གུས་བཀུར་དང་བཅས་ཏེ་སྤེལ་སྲོལ་ཡོད་ཀྱང་། ད་ཆ་ཁོ་པ་ཚོས་ཞེ་སྡང་དྲག་པོའི་ལམ་ནས་ངོ་རྒོལ་བྱེད་བཞིན་ཡོད། ཏཱ་ལའི་བླ་མའི་ཆིབས་འགྲོའི་འགག་མཚམས་རེར་ཁོ་པ་ཚོས་འཇབ་རྒོལ་བྱེད་ཆེད་སྒུག་ནས་སྡོད་ཀྱི་ཡོད།

འདས་པའི་ལོ་གཉིས་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་ཏཱ་ལའི་བླ་མར་གདོང་ཐུག་བྱེད་ཆེད་སྐུ་སྲུང་རྭ་བའི་ནང་བཙན་འཛུལ་བྱས་ཡོད། ཨིན་གཞུང་ལ་ཕུལ་བའི་ཏཱ་ལའི་བླ་མའི་སྐུའི་ཉེན་སྲུང་དང་འབྲེལ་བའི་ལས་བསྡོམས་ནང་གསལ་ལྟར་ན། སྔ་ལོའི་ཕྱི་ཟླ་ ༥ ནང་ཏཱ་ལའི་བླ་མ་ནི་དར་ལེན་ཌིར་ཆིབས་སྒྱུར་བསྐྱངས་སྐབས་ཁོང་གི་བཞུགས་གནས་གསོལ་མགྲོན་ཁང་ནང་དུ་དོལ་རྒྱལ་རྗེས་འབྲང་པ་ཚོས་ཉལ་ཁང་གླ་ཐབས་བྱས་འདུག གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། སྐབས་དེར་གསོལ་མགྲོན་ཁང་གི་ལས་བྱེད་པ་ཚོས་ཁོ་པ་ཚོ་མགྲོན་ཁང་ནས་ཕྱིར་འབུད་བྱས་འདུག

ཕྱི་ཟླ་ ༧ ཚེས་ ༩ ཉིན་ཏཱ་ལའི་བླ་མ་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་ཉིན་གྲངས་གཉིས་ཀྱི་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་ཡོད། ཁོང་ཆིབས་སྒྱུར་མ་བསྐྱངས་བའི་ཉིན་ཤས་གོང་། ཏཱ་ལ་རྫུན་མ། རྫུན་ཤོད་རྒྱུ་མཚམས་ཞོག ཅེས་འཁོད་པའི་སྦྱར་པང་ཧ་ཅང་ཆེན་པོ་གཉིས་ཏཱ་ལའི་བླ་མས་གསུང་བཤད་གནང་སའི་ཉེ་འགྲམ་དུ་བཤམས་ཡོད། སྦྱར་པང་གཅིག་གི་སྟེང་རྡོ་རྗེ་ཤུགས་ལྡན་གྱི་པར་འདུག འོན་ཀྱང་ཕྱི་ཚེས་ ༨ ཉིན་སྦྱར་པང་དེ་དག་མར་ཕབ་འདུག དེ་ནི་ཨ་རིར་གནས་སྡོད་བོད་མི་ཚོས་ཚོང་རྫས་ཁྱབ་བསྒྲགས་ལས་ཁུངས་ལ་ཞུ་གཏུག་བྱས་པར་བརྟེན་ནས་ཡིན་སྐོར་ཏཱ་ལའི་བླའི་རྗེས་འབྲང་པ་ཚོས་བརྗོད། སྦྱར་པང་སྦྱིན་བདག་གིས་སྦྱར་པང་གཉིས་པོ་དེའི་རིན་པ་སུས་སྤྲད་མིན་གསལ་བཤད་བྱས་མ་བྱུང་།

ཏཱ་ལའི་བླ་མས་མན་ཧེ་ཊན་གྱི་ཇེ་ཀོབ་ཀེ་ཇེ་ཝི་ཊི་ Jacob K. Javits ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ལ་གསུང་བཤད་གནང་སྐབས། ཚོགས་ཁང་གི་ཕྱི་རོལ་གཞུང་ལམ་དུ་དོལ་རྒྱལ་རྗེས་འབྲང་པ་མི་གྲངས་ ༡༠༠ ཙམ་ཚོགས་ནས་ཁོ་པ་འགའ་ཤས་ཀྱི་ལག་ཏུ་ཏཱ་ལའི་བླ་མ་དམག་མིའི་ལྷམ་གྱོན་ནས། དྲག་པོའི་རྣམ་འགྱུར་ངང་མུར་མཛོག་སྒོང་ཞིང་དོལ་རྒྱལ་རྗེས་འབྲང་པའི་གྲྭ་པ་རྣམས་རྡོག་རྫིས་གཏོང་བཞིན་པའི་འདྲ་པར་འཁྱེར་ནས་ངོ་རྒོལ་བྱས་ཡོད། འདྲ་པར་དེ་མཚུངས་ཤིག་ཕྱི་ཟླ་ ༦ པའི་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་ཨལ་ཌར་ཤོ་ཊི་(Aldershot)རྐང་རྩེད་སྤོ་ལོའི་རྩེད་རྭའི་ཕྱི་རོལ་དུ་འཁྱེར་ནས་ཏཱ་ལའི་བླ་མས་སྐར་མ་ ༤༠ རིང་གསུང་བཤད་གནང་རིང་སྐད་ཤུགས་ཆེན་པོས་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་པར་བརྟེན། ཏཱ་ལའི་བླ་མའི་གསུང་རྣ་བར་ཐོས་མ་ཐུབ་པར་གྱུར་ཡོད།།

གནས་ཚུལ་འཕར་མ་འགོད་མཁན། ལྡི་ལི་ནས་རུ་པམ་ན་ཡེར(Rupam Nair)། ཨ་རི་ཝ་ཤིང་ཊོན་ནས་ཇོན་ཤིཕ་མན་(John Schiffman) དང་། ཝ་རེན་ས་ཊརོ་བེལ(Warren Strobel)། པེ་ཅིང་ནས་བེན་བལེན་ཅར་ཌི(Ben Blanchard)། ལོན་ཌོན་ནས་ཨེ་ལི་ཛི་བད་པ་ཡི་པར་(Elizabeth Piper)དང་། མ་ཡེ་ཀལ་ཧོལ་ཌེན(Michael Holden)། ཨོ་སོ་ལོ་ནས་ག་ཝ་ལ་ཌེས་ཕོ་ཤེ་(Gwladys Fouche)དང་། ཧེན་རིཀ་སཊོ་ལེན(Henrik Stolen)།།

Menu